ཚའོ་ཚའོ་(༡༥༥-༢༢༠)(རྒྱ་སྐད།: 曹操)ཡི་མིང་གཞན་ལ་མེང་ཏེ་ཟེར། ཧན་ཤར་མའི་དུས་མཇུག་གི་བློན་པོ་དབང་ཆེན་ཞིག་ཡིན། ཁོས་ཕུལ་དུ་བྱུང་བའི་ཆབ་སྲིད་ཀྱི་ཐབས་རྩལ་དང་དམག་དོན་གྱི་འཇོན་ཐང་ལ་བརྟེན་ནས་རང་ཉིད་ཀྱི་སྟོབས་ཤུགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་བཏང་སྟེ། "བཙན་གྱིས་གནལ་སྲས་ལ་རྒྱལ་ཕྲན་རྒྱལ་བོར་བཀའ་ཕབ་ཏུ་བཅུག"པའི་དབང་གིས་བྱང་ཕྱོགས་ས་ཁུལ་གཅིག་གྱུར་བྱས། ཁྲི་པི་གཡུལ་འགྱེད་རྗེས་སུ། བྱང་ཕྱོགས་དབང་སྒྱུར་སྲ་བརྟན་དང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་ཁོས་ནུས་ཤུགས་ཡོད་རྒུ་བཏོན་ནས་རྒྱལ་ཡོངས་གཅིག་གྱུར་བྱེད་པར་སྟ་གོན་བགྱིས། ཚའོ་ཚའོ་ནི་ཕུལ་བྱུང་སྙན་ངག་པ་ཞིག་ཀྱང་ཡིན།[༡]
(曹操)(སྤྱི་ལོ་༡༥༥ནས་༢༢༠)སན་གོ(三国)སྟེ་རྒྱལ་ཁབ་གསུམ་གི་དུས་སྐབས་སུ་བྱུང་བའི་ཆབ་སྲིད་དང་། དམག་དོན་མཁས་པ་ཞིག་ཡིན་ལ། སྙན་ངག་མཁས་པ་ཞིག་ཀྱང་ཡིན། ཁོང་ནི་ཚའོ་སུང(曹嵩)གི་བུ་ཡིན་ཞིང་། དཔོན་ཆུང་བྱེད་མྱོང་། གོང་མ་ཧན་ལིང་རྟིའི(汉灵帝)སྐབས་མགོ་དཀྲིས་སེར་པོའི་གྱེན་ལངས(黄巾起义)བྱུང་བར་དྲག་གནོན་བྱས། སྤྱི་ལོ༢༠༠ལོར། ཡོན་ཧྲའོ་དང་ཚའོ་ཚའོ་གཉིས་ཀོན་ཏུའོ་ས་ཁུལ(དེང་སང་ཧོ་ནན་ཞིང་ཆེན་གྱི་ཀྲུང་ཉི་རྫོང་གི་བྱང་ཤར)དུ་ཀྲུང་ཡོན་ས་གནས་ཀྱི་དབང་ཆ་འཕྲོག་རེས་བྱེད་པའི་ཐག་གཅོད་དམག་འཐབ་བྱས་ཤིང་། སྐབས་དེར་དམག་དོན་གྱི་སྟོབས་ཤུགས་དང་དངོས་ཤུགས་ཐད་ཚའོ་ཚའོ་དམག་དཔུང་དེ་ཡོན་ཧྲའོ་དམག་དཔུང་ལས་ཞན་པ་ཡོད་ཀྱང་། དམག་དཔུང་གི་སྒྲིག་ལམ་དམ་པོ་དང་། ནང་ཁུལ་གཅིག་གྱུར་ཡོད་པ། དམག་འཐབ་ཀྱི་སེམས་ཤུགས་ཆེན་པོ་ཡོད་པ་བཅས་ཡིན་པ་དང་། ཡོན་ཧྲའོ་དམག་དཔུང་ནི་དེ་ལས་ལྡོག་པའི་ཞན་ས་ཡོད་པ་དེ་ཚའོ་ཚའོ་གིས་བེད་སྤྱད་ནས་དམག་དཔུང་ཧྲག་སྒྲུག་གིས་ཕར་རྒོལ་བྱས་ཏེ་ཡོན་ཧྲའོ་གཙོ་ཤུགས་དམག་ཕམ་ཉེས་བཏང་ཞིང་། ཀྲུང་ཡོན་ས་ཁུལ་གཅིག་གྱུར་བྱེད་པའི་རྨང་གཞི་ཚུགས། ཀོན་ཏུའོ་དམག་འཁྲུག་མཇུག་སྒྲིལ་ནས་མི་རིང་བར་ཡོན་ཧྲའོ་ཤི་བ་དང་ནང་ཁུལ་འགལ་བ་ཡོད་པ་བེད་སྤྱད་དེ་ཡོན་ཧྲའོའི་དམག་དཔུང་གི་ལྷག་འཕྲོ་གཏོར་ནས་རྨ་ཆུའི་བྱང་ཕྱོགས་ས་ཁུལ་གཅིག་གྱུར་བྱས། སྤྱི་ལོ་༢༠༨ལོར་ཚའོ་ཚའོ་རང་ཉིད་ཀྱིས་སྣེ་འཁྲིད་པའི་དམག་དཔུང་རྨ་ཆུའི་ལྷོ་ཕྱོགས་སུ་བསྐྱོད་ནས་རྒྱལ་ཡོངས་གཅིག་གྱུར་བྱེད་པའི་དམག་འཁྲུག་བྱས་ཀྱང་། སྐབས་དེར་ཅིང་ཀྲའོ་ས་ཁུལ་དབང་བསྒྱུར་བྱེད་མཁན་ལིའུ་པི་དམག་དཔུང་དང་། ཅིའང་ཏུང་ས་ཁུལ(འབྲི་ཆུ་སྨད་རྒྱུད)དུ་དབང་བསྒྱུར་བྱེད་མཁན་སུན་ཆོན་དམག་དཔུང་གཉིས་མཉམ་འབྲེལ་གྱིས་ཚའོ་ཚའོ་དམག་དཔུང་ལ་འགོག་རྒོལ་ཤུགས་ཆེན་ཕོག་པ་དང་། འབྲི་ཆུ་རྒྱུད་ཀྱི་ཁྲི་པེའི་ས་ཁུལ(དེང་སང་ཧུ་པེ་ཞིང་ཆེན་ཅིའུ་ཡུས་རྫོང་གི་ཉེ་འདབས)དུ་ཡུན་རིང་དམག་འཐབ་བྱས་མཐར། ཚའོ་ཚའོ་དམག་དཔུང་ལ་གྱོང་གུན་ཆེན་པོ་ཕོག་སྟེ། རང་གནས་བྱང་ཕྱོགས་སུ་ཕྱིར་འཐེན་བྱས། སྤྱི་ལོ་༢༢༠ལོར་ཚའོ་ཚའོ་འདས་ནས་དེའི་བུ་ཚའོ་ཕི་ཟེར་བས་གོང་མ་ཧན་ཤན་རྟིའི་གོ་གནས་ཕབ་ནས་རང་ཉིད་གོང་མ་བྱས་པའི་མིང་ལ་ཝུའི་ཝེན་རྡི་ཟེར་ཞིང་། རུས་མིང་ནི་ཚའོ་ཡིན་པ་དང་རྒྱལ་ཁབ་ཀྱི་མིང་ལ་ཝུའི་ཟེར། རྒྱལ་ས་ནི་ཐོག་མར་ཧོ་ནན་གྱི་ཞུའི་ཁྲང་དུ་བྱས་ཤིང་། རྗེས་སུ་ཧོ་ནན་ཞིང་ཆེན་གྱི་ལོའོ་ཡང་དུ་གནས་སྤོས་བྱས། སྤྱི་ལོ་༢༢༢ལོར་ལིའུ་པིས་ཅིང་ཀྲའོ་ས་ཁུལ་དང་ཁྲེང་ཏུའུ་གྲོང་ཁྱེར་བཟུང་ནས་རང་ཉིད་གོང་མ་བྱས་པའི་མིང་ལ་ཀྲའོ་སླེས་རྟི་ཟེར་ཞིང་། རུས་མིང་ནི་ལིའུ་ཡིན་པ་དང་། མིང་ངོ་མ་ལིའུ་པི་ཟེར། རྒྱལ་ཁབ་ཀྱི་མིང་ནི་ཧྲུའུ(ཧན) རྒྱལ་ས་ནི་དེང་སང་སི་ཁྲོན་ཞིང་ཆེན་གྱི་ཁྲེང་ཏུའུ་ཡིན། རྒྱལ་རབས་འདིར་གོང་མ་ཀྲའོ་སླེས་རྟི་ལིའུ་པེ་དང་ཧའོ་ཀྲུའུ་ལིའུ་ཏན་མི་རབས་གཉིས་བྱུང་ཞིང་། དེ་ཀྱིས་ལོ་༤༤རིང་སྲིད་དབང་བཟུང་མཐར། སྤྱི་ལོ་༢༦༣ལོར་ཝུའི་རྒྱལ་རབས་ཀྱི་བློན་པོ་སི་མ་ཡན་གྱིས་གཏོར། སྤྱི་ལོ་༢༢༤ལོར་ཝུ་ཅུན་ས་ཁུལ་གྱི་ས་བདག་དབང་ཤེད་ཅན་སུན་ཧྲེང་གི་བུ་སུན་ཆོན་གྱིས་འབྲི་ཆུ་སྨད་རྒྱུད་ཀྱི་ས་ཁུལ་བཟུང་ནས་རང་ཉིད་གོང་མ་བྱས་པའི་མིང་ཝུ་ཏཱ་རྟི་ཟེར་ཞིང་རུས་མིང་ནི་སུན་ཡིན་པ་དང་། མིང་ངོ་མ་ལ་སུན་ཆོན་ཟེར། རྒྱལ་ས་ནི་ཅན་ཡེ(དེང་སང་གི་ནན་ཅིན)ཡིན། རྒྱལ་ཁབ་ཀྱི་མིང་ལ་ཝུ་ཟེར། རྒྱལ་རབས་འདི་ལ་གོང་མ་མི་ཐོག་བཞི་བྱུང་བ། ༡.ཝུ་ཏཱ་རྟི་སུན་ཆོན། ༢.ཝུ་ཀུང་ཅི་ཝང་སུན་སླེའང་། ༣.ཝུ་ཅིང་རྟི་སུན་ཤིའུ། ༤.ཝུ་མུ་རྟི་སུན་ཧའོ་བཅས་ཀྱིས་སྤྱི་ལོ༢༢༩ནས་༢༨༠བར་ལོ་༥༢རིང་སྲིད་དབང་བཟུང་ཞིང་། མཐར་ཅིན་རྒྱལ་རབས་ཀྱི་གོང་མ་དང་པོ་ཅིན་ཨུ་རྡིས་སྤྱི་ལོ་༢༨༠ལོར་དམག་དཔུང་ཁྲི་ཉི་ཤུ་ལྷག་ཙམ་མངགས་ནས་ཝུ་རྒྱལ་ཁབ་ཀྱི་ཆུ་ཐོག་གི་གཙོ་ཤུགས་དམག་དཔུང་གཏོར་ཕམ་བཏང་སྟེ་ཝུ་རྒྱལ་ཁབ་རྩ་མེད་བཏང་། ཚའོ་ཚའོ་རུས་རྒྱུད་ཀྱིས་གོང་མ་བྱས་པའི་ཝུའི་རྒྱལ་རབས་དང་། ཚའོ་ཚའོ་རུས་རྒྱུས་ཀྱིས་གོང་མ་བྱས་པའི་ཝུའི་རྒྱལ་རབས་དང་། ལིའུ་པེ་རུས་བརྒྱུད་ཀྱིས་གོང་མ་བྱས་པའི་ཧྲུའུ་རྒྱལ་རབས། སུན་ཆོན་རུས་རྒྱུད་ཀྱིས་གོང་མ་བྱས་པའི་ཝུ་རྒྱལ་རབས་བཅས་གསུམ་པོ་འདི་ལ་སྔ་རྗེས་སུ་གོང་མ་མི་རབས་ལྔ་བྱུང་བ། ༡.ཝུའི་ཝེན་རྟི་ཚའོ་ཕི། ༢.ཝུའི་མིང་རྟི་ཚའོ་རུའི། ༣.ཝུའི་ཆི་ཝང་ཚའོ་ཕི། ༤.ཝུའི་ཀའོ་ཀུའི་ཤང་ཀུང་མའོ། ༥.ཝུའི་ཡོན་རྟི་ཚའོ་ཧུའན་བཅས་ཀྱིས་སྤྱི་ལོ་༢༢༠ནས་༢༦༥བར་ལོ་ངོ་བཞི་བཅུ་ཞེ་དྲུག་རིང་སྲིད་དབང་བཟུང་། ཝུའི་རྒྱལ་རབས་ཀྱི་སྲིད་དབང་ནི། དཔོན་རྒྱུད་ཕྱུག་པོ་ཚང་གིས་བཙུགས་པའི་སྲིད་དབང་ཡིན་ཞིང་། དེ་ཡང་ཧན་ཤར་མའི་རྒྱལ་རབས(ཏུང་ཧན)ཀྱི་གོང་མ་བཞི་པ་ཧན་ཧའོ་རྟིས་སྲིད་དབང་བཟུང་བ་ནས་གོང་མ་བཅུ་བཞི་པ་ཧན་ཤན་རྟིས་བར་གོང་མ་བཅུ་གཅིག་རིང་གི་སྲིད་དབང་ནི་གོང་མ་མིང་ཙམ་ཞིག་ལས་དོན་དངོས་སུ་གོང་མའི་བཙུན་མོའི་གཉེན་འབྲེལ་དང་། ཉུག་རུམ་པ། དཔོན་རྒྱུད་ཕྱུག་པོ་ཚང་བཅས་ཕན་ཚུན་སྲིད་དབང་འཕྲོག་རེས་ཀྱི་འཐབ་རྩོད་ཡང་ཡང་བྱས་པ་བརྒྱུད་མཐར་དཔོན་རྒྱུད་ཕྱུག་པོ་ཚང་ལ་རྒྱལ་ཁ་ཐོབ་སྟེ་བཙུགས་པའི་སྲིད་དབང་ནི་ཝུའི་རྒྱལ་རབས་ཡིན་ཞིང་། ཝུའི་རྒྱལ་རབས་ཀྱི་གོང་མ་དང་པོ་ཝུའི་ཝེན་རྟིས་རང་ཉིད་ཀྱི་ཕོ་བྲང་མཛེས་པོ་དང་། སྐྱེད་ཚལ་མང་པོ་གསར་རྒྱག་དང་། མང་ཚོགས་ནང་གི་བུ་མོ་མཛེས་མ་ཕྲོགས་པ། བག་མེད་རྒྱས་སྤྲོས་བྱས་པ་སོགས་མང་ཚོགས་ལ་སྡུག་བསྔལ་ཆེན་པོ་མནར་བ་དང་ཆབས་ཅིག ཚའོ་ཚའོ་རུས་བརྒྱུད་ཀྱིས་སྲིང་དབང་འཛིན་པའི་ཝུའི་རྒྱལ་རབས་དེ་ཉམས་རྒུད་འགྲོ་བའི་འགོ་ཚུགས། གོང་མ་ཝུའི་ཝེན་རྡི་རང་ཉིད་སྤྱི་ལོ་༢༣༩ལོར་གྲོངས་རྗེས་ཝུའི་མིང་རྡི་ཚའོ་རུའི་གོང་མར་བསྐོས་ནས་སྲིད་དབང་བཟུང་ཀྱང་ལོ་བདུན་ལས་མ་སོང་བར་འདས་ཤིང་། ཁོ་པས་འཆི་ཁར་དམག་དཔོན་ཆེན་པོ་ཚའོ་ཧྲུའང་དང་། སྐབས་དེར་སྐད་གྲགས་ཆེ་བའི་བློན་ཆེན་སི་མཱ་དབྱི་གཉིས་ལས་རོགས་སུ་མངགས་བཅོལ་བྱས་ཏེ་ཆི་ཝང་ཚའོ་ཧྥང་གོང་མར་བསྐོས་ནས་ལོ་བཅུ་སོང་བ་སྤྱི་ལོ་༢༤༩ལོར་བློན་ཆེན་སི་མཱ་དབྱིས་དམག་དཔོན་ཆེན་པོ་ཚའོ་ཧྲུའང་བསད་དེ་ཝུའི་རྒྱལ་ཁབ་ཀྱི་སྲིད་དབང་ཡོངས་རྫོགས་ལག་ཏུ་བཟུང་ཞིང་། དེ་ནས་བཟུང་ཝུའི་རྒྱལ་རབས་ཀྱི་སྲིད་དབང་དེ་དོན་དངོས་སུ་མེད་པར་གྱུར། འདིའི་འཕྲོས་རྣམས་བ་སྡེའི་སྐབས་ཀྱི་བློན་པོ་འུམས་ཞེས་པར་གསལ། (ལོ་རྒྱུས་འདི་རྣམས་བོད་ཡིག་ཐོག་མི་གསལ་བས་སྐུ་ཞབས་ཧྥན་ཝེན་ལེན་གྱིས་བརྩམས་པའི《ཀྲུང་གོ་ཐུང་ཧྲི》(中国通史)དེབ་གཉིས་པ་ནས་གནད་བསྡུས་བྱས)
"རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་"ཀྱི་ཟློས་གར་ནང་གི་ཚའོ་ཚའོ་ནི་གཡོ་སྒྱུ་ལ་མཁས་པའི་དཔེ་ཡིན། དེའི་གདོང་རིས་ནི་གདོང་དཀར་གྱི་དཔེ་ཡིན། དེ་ཡང་༼དཔའ་བོའི་འདུ་ཚོགས་༽ཀྱི་ནང་དུ་དེའི་གདོང་རིས་ལ་མཁུར་ཚོས་གློ་ཁའི་འགྱུར་ལྡོག་ཡོད་པ་ནི་སྤྱིར་བཏང་གི་གདོང་ཁྲ་དང་ཁྱད་པར་ཅུང་ཟད་ལྡན་པ་ཡིན།[༢]