སྔར་རྒྱ་གར་དུ་སངས་རྒྱས་ཤཱཀྱ་མུ་ནེ་ཞལ་བཞུགས་སྐབས་སངས་རྒྱས་དགེ་འདུན་དང་བཅས་པར་ཉིན་ལྟར་གྱི་བསོད་སྙོམས་འབུལ་མཁན་གྱི་སྦྱིན་བདག་དེ་ཡིན། དེའི་ལོ་རྒྱུས་མདོར་བསྡུས་ནི། རྒྱ་གར་གྱི་གྲོང་ཁྱེར་མཉན་ཡོད་དུ་ཁྱིམ་བདག་སྦྱིན་པ་ལ་བུ་རབ་སྦྱིན་ཞེས་པ་ཞིག་བྱུང༌། བུ་དེ་ཆུང་དུས་ནས་སྦྱིན་པ་ལ་ཧ་ཅང་དགའ་བས་རང་ཉིད་ཀྱི་རྒྱན་གོས་དང་ཟས་ནོར་ལ་སོགས་པ་ཕངས་པ་མེད་པར་གཞན་ལ་སྟེར་ཞིང༌། ལྷག་པར་མགོན་སྐྱབས་མེད་པའི་དབུལ་ཕོངས་རྣམས་ལ་ཤིན་ཏུ་བྱམས་པ་ཞིག་བྱུང་བས་མིང་ལ་མགོན་མེད་ཟས་སྦྱིན་དུ་གྲགས། ནམ་ཞིག་ཕས་མགོན་མེད་རྣམས་ལ་ཟས་དང་གོས་སྟེར་ན་འགྲིག རྒྱན་ཆ་རྣམས་རྟག་ཏུ་མ་སྟེར་ཞེས་སྨྲས་ཀྱང་བུས་མཉམ་པར་སློང་བ་པོའི་འདོད་པར་གང་ཡོད་པ་རྣམས་སྦྱིན་ནས། རྒྱ་མཚོ་ཆེན་པོ་ནས་རིན་པོ་ཆེའི་གཏེར་མང་པོ་བླངས་ནས་ལོངས་སྤྱོད་ཕུན་སུམ་ཚོགས་པར་གྱུར། ཕ་དེ་འདས་རྗེས་མགོན་མེད་ཟས་སྦྱིན་གྱི་བུ་ལ་མནའ་མ་ལེན་ཆེད་བྲམ་ཟེ་ནོར་ཆེན་ལ་ཡི་གེ་བསྐུར་ནས་མནའ་མའི་རིན་རྣམས་ཁྱེར་ནས་བྲམ་ཟེའི་ཕ་ཡུལ་རྒྱལ་པོའི་ཁབ་ཏུ་སོང་བས། བྲམ་ཟེའི་ཁྱིམ་ནི་ཡུལ་གྱི་རྒྱལ་པོ་དང་འདྲ་བའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡོད་པར་མཐོང་ཞིང༌། སྐབས་དེར་མགོན་མེད་ཟས་སྦྱིན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆ་རྒྱུས་མེད་སྟབས། ཁྱོད་རང་གིས་ཟས་ཕུན་སུམ་ཚོགས་པ་མང་པོ་འདི་ཙམ་ཞིག་གྲ་སྒྲིག་བྱས་ཏེ་ཡུལ་གྱི་རྒྱལ་པོ་སྐུ་མགྲོན་དུ་གདན་དྲངས་རྒྱུ་ཨེ་ཡིན་ཞེས་དྲིས་པར། བྲམ་ཟེ་ནོར་ཆེན་གྱིས་དེ་མིན། སངས་རྒྱས་དགེ་འདུན་དང་བཅས་པར་གདན་དྲངས་ནས་བསྙེན་བཀུར་ཞུ་རྒྱུ་ཡིན་ཞེས་སྨྲས། ཟས་སྦྱིན་གྱིས་སངས་རྒྱས་དང་དགེ་འདུན་ཞེས་པ་སུ་ཡིན་ཞེས་པར། ནོར་ཅན་གྱིས་རྒྱལ་རིགས་སུ་འཁྲུངས་ཀྱང་རྒྱལ་སྲིད་སྤངས་ནས་རབ་ཏུ་བྱུང་ཏེ་སངས་རྒྱས་པ་དེ་ལ་སངས་རྒྱས་ཟེར་བ་དང༌། དེའི་རྗེས་སུ་འབྲངས་ནས་ཁྱིམ་སྤངས་རབ་ཏུ་བྱུང་སྟེ་གཙུག་ལག་ཁང་དུ་གནས་པ་དེ་ལ་དགེ་འདུན་ཟེར་བ་ཡིན་ཞེས་ངོ་སྤྲོད་བྱས། དེའི་ཕྱི་ཉིན་བྲམ་ཟེ་སྦྲང་རྩིའི་ཕུང་པོས་ལམ་བསྟན་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་ནས་ཆོས་ཉན། དད་པ་ལྷག་པར་སྐྱེས་ནས་སངས་རྒྱས་དགེ་འདུན་དང་བཅས་པ་བཞུགས་སའི་གཙུག་ལག་ཁང་བཞེངས་རྒྱུར་ཁས་བླངས་ནས་རྒྱལ་བྱེད་གཞོན་ནུའི་ས་ནས་ས་ཆ་སྒོས་ཏེ་གཙུག་ལག་ཁང་བཞེངས་པ་དེ་ལ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཞེས་རྒྱ་གར་དུ་ནང་པ་སངས་རྒྱས་ཆོས་ལུགས་ཀྱི་དགོན་པ་དང་པོ་ཡིན། སྐབས་དེར་དགོན་པ་དེའི་ནང་དགེ་སློང་ཆིག་སྟོང་ཉིས་བརྒྱ་ལྔ་བཅུ་ཙམ་ལས་མེད་ཐོག འཚོ་བ་ཐམས་ཅད་ཁྱིམ་བདག་མགོན་མེད་ཟས༌སྦྱིན་གྱིས་འབུལ་གྱི་ཡོད། ཞིབ་པར《རྟོགས་བརྗོད་དཔག་བསམ་འཁྲི་ཤིང》ཡལ་འདབ་ཉི་ཤུ་རྩ་གཉིས་པ《རྒྱལ་བྱེད་ཀྱི་ཚལ་ཡོངས་སུ་བཟུང་བའི་རྟོགས་བརྗོད》ཅེས་པར་གསལ་ལོ། །
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།