མཁན་སློབ་ཆོས་གསུམ་གྱི་ཡ་གྱལ་ཡིན། ཨོ་རྒྱན་ཡུལ་དུ་སྐུ་འཁྲུངས་ཤིང་ཟ་ཧོར་ཡུལ་དུ་སློབ་དཔོན་པྲ་བྷ་ཧསྟི་ལས་རབ་ཏུ་བྱུང་བའི་མཚན་ལ་ཤཱཀྱ་སེངྒེར་གྲགས། མཚོ་བྱེད་གཞོན་ནུ་ལས་སྨན་དང་། པཎྜི་ཏ་ཀུན་གྱི་བཤེས་གཉེན་ལས་སྒྲ་དང་། ཝི་ཤྭ་ཀརྨ་ལས་བཟོ་སོགས་ཐུན་མོང་རིག་པའི་གནས་དང་། གཞན་ཡང་སློབ་དཔོན་མཉྫུ་ཤྲཱི་མི་ཏྲ་དང་། ཤྲཱི་སིཾ་ཧ་སོགས་མཁས་གྲུབ་མང་པོ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་རབ་འབྱམས་གསན་པས་མཁས་གྲུབ་ཀྱི་ཡང་རྩེར་སོན། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་དུ་སྤྱན་དྲངས་པ་ལྟར་ཕེབས་ནས་བོད་ཀྱི་མི་མ་ཡིན་རྣམས་དམ་ལ་བཞག་ཅིང་། བསམ་ཡས་གཙུག་ལག་ཁང་བཞེངས། བོད་ཕྲུག་བློ་རྣོ་བ་རྣམས་ལ་ལོ་ཙཱ་བསླབས། འཕགས་ཡུལ་གྱི་མཁས་གྲུབ་མང་པོ་སྤྱན་དྲངས་ཏེ་མདོ་རྒྱུད་ཀྱི་བཀའ་བསྟན་ཕལ་མོ་ཆེ་བོད་སྐད་དུ་བསྒྱུར། མདོ་སྔགས་ཀྱི་ཆོས་ཚུལ་ཤིན་ཏུ་དར་རྒྱས་མཛད། མ་འོངས་སྐལ་ལྡན་གྱི་དོན་དུ་ཟབ་ཆོས་བསམ་གྱིས་མི་ཁྱབ་པ་གཏེར་དུ་སྦས་ནས་གཏེར་འདོན་པའི་གང་ཟག་དང་། དུས་དང་། གདུལ་བྱ་སོགས་ལུང་བསྟན་མཛད་དེ་མཐར་ལྷོ་ནུབ་སྲིན་པོའི་ཡུལ་དུ་ཕེབས་ཤིང་སྲིན་རྒྱལ་རཀྵ་ཐོད་ཕྲེང་རྩལ་གྱི་སྐུ་རུ་བཞུགས། སློབ་དཔོན་འདི་བོད་དུ་བཞུགས་ཡུན་ལ་བཞེད་ཚུལ་སྣ་ཚོགས་མཆིས། གསུང་རྩོམ་ལ་བདུད་རྩི་བུམ་པ་ཆེ་ཆུང་དང་། མན་ངག་ལྟ་ཕྲེང་དང་། གཞན་ཡང་གསང་སྔགས་ཀྱི་སྒྲུབ་གཞུང་སྒྲུབ་ཐབས་སོགས་ཧ་ཅང་མང་། སློབ་དཔོན་འདིའི་ཕྱི་ནང་གསང་བའི་རྣམ་ཐར་ལ་ཨོ་རྒྱན་གླིང་པ་དང་། སངས་རྒྱས་གླིང་པ། བསམ་གཏན་གླིང་པ་སོགས་གཏེར་སྟོན་རྣམས་ཀྱི་གཏེར་བྱོན་གྱི་ཆོས་སྐོར་བཀའ་ཐང་རྒྱས་བསྡུས་སྣ་ཚོགས་ཤིག་བཞུགས་པ་དག་ལས་རྟོགས་པར་འཚལ།