འཇང་ འཇང་། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།
སྤྱིར་བོད་ཀྱི་ཡིག་ཚང་རྣམས་སུ་འཇང་ངམ་ལྗང་ཅེས་པའི་མིང་འདི་བྱུང་བ་སྔ་ལ། གཙོ་བོ་ལོ་རྒྱུས་དེབ་ཐེར་དང་ཏུང་ཧོང་གཏེར་ཡིག་དག་ཏུ་འབྱུང་བའི་འཇང་ཡུལ་བྱ་བ་དང་གླིང་སྒྲུང་གེ་སར་དང་དེང་སང་བོད་མིས་འཇང་རིགས་སུ་འབོད་པའི་འཇང་སྟེ་གོ་དོན་རིགས་གཉིས་སུ་ཡོད།
དེ་ཡང་སྤྱིར་བོད་ཀྱི་ཡིག་ཚང་རྣམས་སུ་འཇང་ངམ་ལྗང་ཅེས་པའི་མིང་འདི་བྱུང་བ་སྔ་ལ། གཙོ་བོ་ལོ་རྒྱུས་དེབ་ཐེར་དང་ཏུང་ཧོང་གཏེར་ཡིག་དག་ཏུ་འབྱུང་བའི་འཇང་ཡུལ་བྱ་བ་དང་གླིང་སྒྲུང་གེ་སར་དང་དེང་སང་བོད་མིས་འཇང་རིགས་སུ་འབོད་པའི་འཇང་སྟེ་གོ་དོན་རིགས་གཉིས་སུ་ཡོད་པ་ལས། ང་ཚོས་འདིར་གླེང་བའི་འཇང་ནི་བོད་ཀྱི་ལོ་རྒྱུས་རྣམས་སུ་འཁོད་པའི་བཙན་པོ་ཁྲི་འདུས་སྲོང་སྲིད་ཀྱི་དོན་དུ་འཇང་ཡུལ་དུ་གཤེགས་ནས་སྐུ་འདས་ཞེས་པའི་འཇང་ཡུལ་ཏེ། རྒྱ་ནག་སྐད་དུ་ནན་ཀྲའོ་ཞེས་འབོད་པ་དང་ཏུན་ཧོང་གཏེར་ཡིག་ཏུ་འཇང་ཡུལ་ལམ་མྱྭ་དཀར་ནག་ཅེས་འཁོད་ཡོད་པ་དེ་ཡིན་ལ། བོད་སྐད་ཀྱི་མྱྭ་ཞེས་པ་ནི་རྒྱས་སྔོན་ཆད་ཡུལ་དེའི་མི་རིགས་ལ་ཝུའུ་མན་ཏེ་མན་ནག་པོ་དང་པེ་མན་ཏེ་མན་དཀར་པོ་ཞེས་བཏགས་པའི་སྒྲ་ལས་བྱུང་བ་ཡིན་ནམ་སྙམ། དེའང་འཇང་ངམ་ནན་ཀྲའོ་ནི་དུས་རབས་བདུན་བརྒྱད་ཡས་མས་སུ་ཀྲུང་གོའི་ལྷོ་ནུབ་ཀྱི་མཐའ་མཚམས་སུ་ཆགས་པའི་བོད་དང་འབྲེལ་ཆེ་བའི་རྒྱལ་ཁབ་ཅིག་ཡིན།
རྒྱའི་ཐང་རྒྱལ་རབས་སྐབས་སུ་མྱྭ་ནག་པོ་སྟེ་དབྱི་རིགས་ཀྱི་མེས་པོ་གཙོ་བྱས་པ་དང་མྱྭ་དཀར་པོ་སྟེ་ད་ལྟའི་པེ་རིགས་བཅས་འདུས་པའི་གྲངས་ཉུང་མི་རིགས་ཀྱིས་ད་ལྟའི་ཡུན་ནན་ཞིང་ཆེན་ཁོངས་སུ་བཙུགས་པའི་རྒྱལ་ཁབ་ཅིག་སྟེ། སྤྱི་ལོ649ལོར་མོང་ཧྲི་ཀྲའོ་ཚོ་བའི་ཞིས་ལའོ་བྱ་བས་ཝེ་ཧྲན་ཏེ་དེང་གི་ཡུན་ནན་ཞིང་ཆེན་གྱི་ཝེ་ཧྲན་རྫོང་ལྟེ་གནས་བྱས་ཏེ་མོང་ཆེན་པོའི་སྲིད་དབང་ཐོག་མར་བཙུགས་ཤིང་། དུས་རབས་བརྒྱད་པའི་མགོ་ཙམ་ལ་འཇང་ངམ་མྱྭའི་རྒྱལ་པོ་ཕེ་ལའོ་ཀེ་བྱས་བས་ལོའུ་ཀྲའོ་སྟེ་ཚོ་ཁག་དྲུག་གམ་རྒྱལ་ཕྲན་དྲུག་ཏུ་གྲགས་པའི་ཡུལ་སྡེ་རྣམས་གཅིག་གྱུར་བྱས་ནས་རྒྱལ་ས་དེང་གི་ཏཱ་ལིས་མཁར་གྱི་ནུབ་འདབས་སུ་སྤར་ནས་སྲིད་དབང་བསྐྱངས་ཏེ་རྒྱལ་རྒྱུད་རིམ་པར་སྤེལ་བས། ད་ལྟའི་ཡུན་ནན་ཞིང་ཆེན་ཡོངས་དང་སི་ཁྲོན་ལྷོ་རྒྱུད་ནས་ཀོས་ཀྲུའུ་ནུབ་ཕྱོགས་ལ་སོགས་པའི་ཡུལ་གྲུ་ཐམས་ཅད་ཀྱང་དབང་དུ་བསྡུས་པས་མངའ་ཐང་ཤིན་ཏུ་དར་རྒྱས་བྱུང་བར་གྲགས། སྔ་གཞུག་ཏུ་རྒྱལ་རབས་བཅུ་གསུམ་ཙམ་བྱོན་ནས་དབང་བསྒྱུར་ཏེ་བོད་ཐང་གཉིས་བར་གྱི་འབྲེལ་གཏུག་ཇེ་ལེགས་སུ་སོང་བ་དང་། ཁྱད་པར་དུ་སྤྱི་ལོ704ལ་བོད་ཀྱི་བཙན་པོ་ཁྲི་འདུས་སྲོང་སྐུ་དངོས་ཀྱིས་ཡུལ་དེར་དཔུང་དྲངས་ནས་འཇང་དང་མྱྭ་དཀར་ནག་བཅས་དབང་དུ་བསྡུས་རྗེས་ལོ་ངོ་མང་པོར་བོད་ཆེན་པོའི་ཆབ་འོག་ཏུ་གྱུར་ནས་དཔྱ་ཁྲལ་སོགས་ཕུལ་བ་ཡིན་ཏེ། 《ཏུན་ཧོང་གཏེར་ཡིག》ལས། “ཡོས་བུའི་ལོ་ལ། (704) དགུན་བཙན་པོ(ཁྲི་འདུས་སྲོང)འཇང་ཡུལ་དུ་གཤེག་སྟེ། འཇང་ཕབ་པར་ལོ་གཅིག”ཅེས་དང་ཡང“འུང་གི་འོག་ཏུ་འཇང་ལ་ཆབ་སྲིད་མཛད་དེ་མྱྭ་དཀར་པོ་དཔྱའ་ཕབ། མྱྭ་ནག་པོ་འབངས་སུ་བཀུག་པ་ལ་སྩོག་སྟེ།”ཞེས་འཁོད་པ་ལྟར་དང་། ཡང་འཇང་ནི་བོད་ཐང་རྒྱལ་ཁབ་གཉིས་ཀྱི་བར་དུ་གནས་པས་ན་ཕྱོགས་གཉིས་ཀས་དབང་དུ་བསྡུ་ཐབས་ཀྱི་འཁྲུག་རྩོད་ཀྱང་བྱས་ལ། མྱྭའི་རྒྱལ་པོ་ཀག་ལ་བོང་བྱ་བའི་སྐབས་སུ་བོད་ཀྱི་བཙན་པོའི་ངོར་བལྟས་ནས་རྒྱ་ནག་ཐང་དང་རྒྱབ་འགལ་བྱས་པ་ཡིན་ཏེ། 《ཏུན་ཧོང་གཏེར་ཡིག》དེ་ཉིད་དུ“ལྷོ་ཕྱོགས་ཀྱི་སྨད་ན་འཇང་དུ་མྱྭ་དཀར་པོ་ཞེས་བྱ་བའི་རྒྱལ་པོ་སྡེ་མི་ཅུང་བ་ཞིག་འདུག་པ། རྒྱལ་པོ་ཐུགས་སྒམ་པོའི་རླབས་དང་ཐབས་ཀྱིས་དཀའ་སྩལ་ཏེ། མྱྭའི་རྒྱལ་པོ་ཀག་ལ་བོང་ཞེས་བྱ་བ། འབངས་སུ་པྱག(ཕྱག)འཚལ་ནས། ཐབས་གཅུང་སྩལ་ཏེ། མྱི་མང་གི་སྣོན་བཏག ། ཡུལ་ཆེའི་ནི་འདབ་བསྐྱེད་དོ།། (འ)ཇང་གི་རྒྱལ་པོ་བོད་ཀྱི་འབངས་སུ་བཞེས་པས། རྒྱའི་ཆབ་སྲིད་ལའང་ཤིན་ཏུ་དམའ་ཞིང་། མྱི་བདེ་བར་བྱས་སོའོ།། འཇང་མྱྭའི་རྒྱལ་པོ་ལྟ་ཞིག་རྒྱ་ལ་ལྟ་ལྟ་བ་ལས། རྒྱ་རྗེས་དགྲར་བླང་སྟེ། བཙན་པོ་ཁྲི་ལྡེ་གཙུག་བརྩན་གྱི་ཞ་སྔར་གློ་བ་ཉེ་ནས།། རྒྱལ་ཡུལ་ཕབ་ཀྱིས་ནི་ཡུལ་དང་། མཁར་དུ་བཆས(བཅས)ཏེ་ཕུལ།། གཡུས་སྤྲད་ཀྱིས་ནི།། རྒྱ་བཙོན་ལུག་ལྟར་བསྐྱངས་སོའ།།”ཞེས་སོགས་གསལ་བོར་བཀོད་པ་བཞིན་དང་། འདི་དག་ནི་སྐབས་དེར་བོད་ཀྱི་དབང་སྒྱུར་བ་ལ་མཚོན་ན་ཐང་རྒྱལ་རབས་དང་འཕྲོག་རྩོད་བྱས་པའི་གྲུབ་འབྲས་ཤིག་ཡིན་ལ། འཇང་བོད་མི་རིགས་བར་ལ་མཚོན་ན་ཕན་ཚུན་འབྲེལ་གཏུག་བྱས་ཏེ་སྤུན་ཟླ་ལྟར་གྱུར་པར་ཆ་རྐྱེན་བཟང་པོ་ཞིག་འཛོམས་པ་གདོན་མི་ཟའོ།།
ཕྱིས་སྤྱི་ལོ902ལ་རང་གི་འཁོར་གྱི་རུས་རྒྱུད་ཀྲིན་ཅན་གྱི་སྐུ་དྲག་ཅིག་གིས་འཇང་རྒྱལ་ཁབ་འཇིག་པར་བྱས་ཤིང་། དེ་རྗེས་སྤྱི་ལོ937ལ་རུས་རྒྱུད་ཏུན་ཅན་གྱི་བློན་པོས་ཏཱ་ལིས་རྒྱལ་ཁབ་བཙུགས་ཏེ་བོད་སིལ་བུའི་སྐབས་སུ་སྔར་གྱི་འཇང་གི་མངའ་རིས་ལས་ཡུལ་གྲུ་མང་ཙམ་བཟུང་སྟེ་ཞིང་ཕྱུགས་ལས་དང་ལག་ཤེས་བཟོ་ལས་སོགས་དར་རྒྱས་བྱུང་ལ། རྒྱའི་སུང་རྒྱལ་རབས་དང་འབྲེལ་གཏུག་ཟབ་ཅིང་ཆོས་དང་རིག་གནས་བཅས་ཀྱང་དར་རྒྱས་བྱུང་ཚུལ་སོགས་རྒྱས་པ་གཞན་ལས་ཤེས་པར་བྱ་ཞིང་། སྤྱི་ལོ1253ལ་ཧོར་ཇིན་གིར་རྒྱལ་པོའི་དཔུང་དམག་གིས་རྩ་བ་ནས་བསྣུབས་པར་གྱུར་ཏོ།།
གཞན་ཡང་ལོ་རྒྱུས་སྙན་རྩོམ་གེ་སར་སྒྲུང་ནང་གི་འཇང་དང་བོད་མིས་ད་ལྟ་འཇང་དུ་འབོད་པའི་རིགས་དང་ཡུལ་ནི་དེང་གི་ལིས་ཅང་ས་ཁུལ་དང་དེ་གའི་ན་ཞིས་སུ་གྲགས་པའི་རིགས་ལ་གོ་དགོས་ཏེ། སྤྱིར་བོད་དང་ན་ཞིས་གཉིས་རིགས་རྒྱུད་འབྱུང་ཁུངས་ཐད་འབྲེལ་བ་ཡོད་པས་སྐད་དང་གོམས་གཤིས་སོགས་འདྲ་ས་མང་བར་མ་ཟད། ཆོས་དང་རིག་གནས་ཐད་ཀྱང་འབྲེལ་བ་ཟབ་པ་སྟེ་དཔེར་ན་གནའ་སྔ་མོའི་གཡུང་དྲུང་བོན་གྱི་སྟོན་ན་གཤེན་རབ་ཀྱི་རིང་ལུགས་ཡུལ་དེར་དར་བས་ཕྱིས་ཡུལ་དེའི་རིག་གནས་ཀྱི་ཆ་ཤས་སུ་གྱུར་པ་དེང་སང“སྟོན་པ་རིག་གནས”ཞེས་སྐད་གྲགས་ཆེ་བ་དང་། དེའི་ཕྱིས་བོད་བརྒྱུད་ནང་བསྟན་ལས་བྱེ་བྲག་བཀའ་བརྒྱུད་པའི་གྲུབ་མཐའ་དར་བས་དེང་སང་ཡང་ལྷ་ཁང་རྣམས་སུ་མར་མི་དྭགས་གསུམ་གཙོས་པའི་བླ་རྒྱུད་ཀྱི་ལྡེབས་རིས་དང་གཞན་ལྷ་རྟེན་མང་པོ་མངོན་སུམ་མཇལ་རྒྱུ་ཡོད་པ་ལྟ་བུས་མཚོན།
ཡང་གེ་སར་སྒྲུང་ནང་གི་འཇང་ས་དམ་རྒྱལ་པོ་བྱ་བ་ནི་དེ་གའི་སྔ་མའི་རྒྱལ་པོ་སྟེ་རྒྱ་སྐད་ལ་མའོ་ཐེན་ཝང་ཞེས་འབོད་པ་དེ་ཡིན་པར་བཤད་ཅིང་། དེས་ཁམས་ཕྱོགས་ལ་དམག་དྲངས་ཏེ་བཙན་རྫོང་བརྩིགས་པ་ད་ལྟའང་བདེ་ཆེན་རྒྱུད་ན་མཐོང་རྒྱུ་ཡོད་ཅིང་འཇང་གླིང་འཁྲུག་པའི་སྒྲུང་ཡང་དེ་ནས་བྱུང་བར་མངོན་ལ། ཡུལ་དེར་དེང་སང་ཡང་བདེ་ཆེན་སོགས་ཁམས་མིས་ས་དམ་མམ་ས་ཏང་ཞེས་རྒྱལ་ཐང་དང་ས་ཐང་ཡངས་ཐང་བཅས་ཀྱི་ཐང་གི་བརྡ་དེ་སྒྲ་དྲག་པོར་ཏང་ཞེས་བཀླགས་སོ།། དེ་མིན་དེང་སང་སི་ཁྲོན་ས་ཆའི་ཆཱང་རིགས་ལ་ཡང་བོད་ལ་ལས་བློ་བཟོའི་མིང་འཇང་ཅེས་འདོགས་པར་འདོད་ཀྱང་དེ་འོས་པར་མ་མཐོང་སྟེ། ཆཱང་ཅེས་པའི་མི་རིགས་གྲངས་ཉུང་འདི་གལ་སྲིད་རྒྱས་སྔོན་ཆད་བརྗོད་པའི་ཆཱང་བྱ་བའི་རྒྱུད་ཡིན་ནའང་དེ་ལ་བོད་མིས་འཇམ་མི་ཟེར་བར་མིང་གཞན་འབོད་ལ་འདིའི་སྐོར《ཆཱང་བོད་བར་གྱི་འབྲེལ་བ》ཞེས་པའི་ཚན་པ་ལས་ཤེས་པར་བྱའོ།།
དེའང་འཇང་ངམ་ལྗང་ཞེས་པ་དེ་ལ་གོ་བ་ལེན་ལུགས་གཉིས་ཡོད།གཙོ་བོ་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་དང་ཏུན་ཧོང་གཏེར་ཡིག རྒྱའི་ལོ་རྒྱུས་ཐང་ཡིག་གསར་རྙིང་སོགས་ལས་བཤད་པའི་འཇང་ཡུལ་བྱ་བ་དང་།གེ་སར་སྒྲུངས་དང་བོད་ཀྱི་དམངས་ཁྲོད་ནས་བཤད་པའི་འཇང་སྟེ་གཉིས་ཡོད།ཐོག་མར་རྒྱ་བོད་ལོ་རྒྱུས་དང་དེབ་ཐེར་ཁག་ཏུ་གསལ་བའི་འཇང་ཞེས་པ་དེ་ནི་བོད་ཀྱི་བཙན་པོ་ཁྲི་འདུས་སྲོང་མང་པོ་རྗེ་སྲིད་དོན་དུ་འཇང་ཡུལ་ལ་ཕེབས་ནས་སྐུ་འདས་ཅེས་པའི་འཇང་ཡུལ་དེ་ལ་གོ་བ་ལེན་དགོས་།དེའང་རང་རྒྱལ་གྱི་ལྷོ་ཕྱོགས་བོད་དང་འབྲེལ་ཆེ་བའི་མི་རིགས་སམ་ཡུལ་གྲུ་ཅིག་ཡིན།ཀྲུང་གོའི་ལོ་རྒྱུས་རྣམས་སུ་ནན་ཀྲོའུ (南沼)ཞེས་བཀོད་ཡོད།དེ་ལ་ཏུན་ཧོང་ཡིག་རྙིང་སོགས་ལས་འཇང་ངམ་མྱཱ་དཀར་ནག་ཅེས་གྲགས།སྤྱིར་བོད་སྐད་ཀྱི་མྱཱ་དཀར་ནག་ཞེས་པ་དེའང་རྒྱ་ཡིག་ནང་དུ་སྔོན་ཆད་ཡུལ་དེའི་མི་རིགས་ལ་ཝུའུ་མན (乌蛮)ཏེ་མན་ནག་པོ་དང་པེ་མན (白蛮)སྟེ་མན་དཀར་པོ་ཞེས་བཏགས་པའི་སྒྲ་ལས་བྱུང་བར་འདྲ། དེའང་དེང་དུས་དབྱིས་རིགས (彝族)དང་པེ་རིགས (白族)ཞེས་པའི་རིགས་གཉིས་ཀྱི་མེས་པོ་དེ་ཡིན་པར་བཞེད་དེ།རྒྱ་ཡིག་ཀྲུང་གོ་ལོ་རྒྱུས་ཞེས་པ་ལས། (六沼,即今彝族和白族的祖先住在那里) འཇང་ཞེས་པ་དེའང་ཐང་རྒྱལ་རབས་སྐབས་སུ་མི་རིགས་དེ་གཉིས་གཙོས་པའི་མི་རིགས་ཁ་ཤས་ཀྱིས་བཙུག་པའི་རྒྱལ་ཁབ་ཅིག་ཡིན། ཡང་དེ་ཉིད་ལས། ནན་ཀྲོའུ་ཞེས་པ་དེའང་ཐང་རྒྱལ་རབས་ཀྱི་དབུ་ཙམ་ན་ཡུན་ནན་ཨེར་ཧེ (云南洱海)
རྒྱུད་དུ་གནས་པའི་ཚོ་ཁག་ཆེན་པོ་དྲུག་ཡོད་པ་དེ་ལ་ངོས་འཛིན་གནང་བ་དང་། ཚོ་བ་འདི་རྣམས་དེང་དུས་ཀྱི་དབྱི་རིགས་དང་པེ་རིགས་གཉིས་ཀྱི་མེས་པོ་ཐོག་མ་ཡིན། ཀྲོའུ་དྲུག་གི་ནང་ནས་ལྷོ་ངོ་མ་དེ་ལ་ནན་ཀྲོའུ་ཞེས་བརྗོད། ཞེས (六沼)ཞེས་པ་དེ་ནི་ཡུན་ནན་ཨེར་ཧེ་འམ་ཡུན་ནན་ཏྭ་ལེ་ཨེར་ཧེ་ (洱海或大理洱海)ས་ཁུལ་དུ་ཡོད་པའི་ཚོ་ཁག་ཆེན་པོ་དྲུག་གི་མིང་དུ་གྲུབ་ཅིང་། དེ་ནང་ནས་ནན་ཀྲོའུ་ (南沼)ཞེས་པ་དེ་ནི་ཀྲོའུ་དྲུག་གི་ལྷོ་མ་དེ་ཡིན་ཞིང་། དེ་ནི་པེ་རིགས་དང་དབྱིས་རིགས་གཉིས་ཀྱི་མེས་པོ་་དེ་ཡིན་པར་བཤད། ཡང་དེར། ཐང་རྒྱལ་རབས་དང་འབྲེལ་བ་ཆེ་ཞིང་། ཐང་ཞོམ་ཙུང (唐玄宗)སྐབས་ནས་ཕིས་ལོ་ཀེ (皮罗阁)བྱ་བས་ཚོ་བ་དྲུག་པོ་གཅིག་གྱུར་བྱས་ཏེ་རྒྱལ་ཁབ་བཙུག་ཏེ་ཡུན་ནན་རྒྱལ་པོར་ (云南王)སྐོས། ཞེས་སྤྱི་ལོ་647ལོར་ཀྲོའུ་དྲུག་ལས་མོང་ཧྲི་ཀྲོའུ་ཚོ་བ་ནས་ཞིས་ལོའོ་ཞེས་པ་ཞིག་གིས་ཝེ་ཧྲན་ཏེ་དེང་དུས་ཀྱི་ཡུན་ནན་ཞིང་ཆེན་གྱི་ཝེ་ཧྲན་རྫོང (巍山县་ལྟེ་གནས་བྱས་ཏེ་ཏཱ་མོང་ཆེན་པོའི་སྲིད་དབང་ (大勐政府)གསར་ཏུ་བཙུགདེང་གི་ཡུན་ནན་ཞིང་ཆེན་ཤིས་ཧྲང་པན་ལས་ཐེ་མི་རིགས་ས་ཁུལ་ (云南西双版傣族地区旧时的行政区划单位)དུ་ཡོད་པར་བཤད། རྒྱའི་ལོ་རྒྱུས་ལྟར་ན་རྒྱལ་པོ་འདི་ཉིད་ཐང་རྒྱལ་རབས་ཀྱི་སྐོས་པའི་རྒྱལ་པོར་འདོད།སྐབས་དེར་མི་རིགས་དེ་རྣམས་ཐང་གི་སྲིད་འོག་ཏུ་ཡོད་པར་བཤད།དེ་ནས་བོད་ཀྱི་ལོ་རྒྱུས་དེབ་ཐར་དང་།ཏུན་ཧོང་ཡིག་རྙིང་།རྒྱའི་ཐང་་ཡིག་གསར་རྙིང་སོགས་ལྟར་ན།སྤྱི་ལོ704ཙམ་ལ་བོད་ཀྱི་རྒྱལ་པོ་འདུས་སྲོང་མང་པོ་རྗེས་ཡུན་ནན་ཝང་ (云南王བོད་འོག་ཏུ་བསྡུས་ཏེ་ལོ་བརྒྱ་ལྷག་གི་རིང་ལ་བོད་ཀྱི་ཆབ་འོག་ཏུ་གནས་པར་བཤད།ཁོང་གི་སྐད་དང་རིག་གནས།ཆོས་ལུགས་དད་ད་དང་འཚོ་བའི་ཀུན་སྤྱོད་སོགས་བོད་དང་ཧ་ཅང་འདྲ།བོན་ནང་ནས་སྲིད་པའི་རྒྱུ་བོན་སྐོར་ལ་བེད་སྤྱོད་མྱོང་། སྤྱིར་སྐབས་དེར་ཐང་བོད་གཉིས་ཀྱི་ཀྲུ་གུའམ་ཐུའུ་གུ་突厥དང་།འ་ཞ吐谷浑或阿柴། འཇང་དང་སུམ་པ་སོགས་འཕྲོག་རེ་དང་འཐབ་རྩོད་རྒྱུན་རིང་བྱས་ཡོད་པར་རྒྱ་བོད་ལོ་རྒྱུས་སུ་ཞིབ་དུ་དཔྱད་ན་ཤུགས་ལས་རྟོགས་ཐུབ།དུས་རབས་བརྒྱད་པ་ཙམ་ནས་ཕེ་ལོ་ཀིས་ (皮罗阁) བྱ་བས་ཚོ་བ་དྲུག་པོ་གཅིག་གྱུར་བྱས་ཏེ་ཏཱ་ལིས་མཁར་(大里卡)ཀྱི་ནུབ་འདབས་སུ་རྒྱལ་སྲིད་བཙུག་ཏེ་རྒྱལ་རྒྱུད་རིམ་པ་བྱུང་།ཡུན་ནན་ཞིང་ཆེན་ཡོངས་རྫོགས་དང་།སི་ཁྲོན་ཞིང་ཆེན་གྱི་ལྷོ་རྒྱུད་ནས་ཀིས་ཀྲུའུ(贵州)་གི་ནུབ་ཕྱོགས་ལ་སོགས་ཡུལ་གྲུ་ཐམས་ཅད་དབང་དུ་བསྡུད་དེ་མངའ་ཐང་ཤིན་ཏུ་དར་རྒྱས་བྱུང་བར་གྲགས།སྔ་ཕྱི་རྒྱལ་རབས་བཅུ་གསུམ་ཙམ་བྱོན་ནས་ཐང་བོད་གཉིས་ཀ་ལ་འབྲེལ་གཏུག་ཟབ་ཅིང་།རིག་གནས་དང་ལག་རྩལ།ཆབ་སྲིད་དང་དཔལ་འབྱོར་སོགས་དར་རྒྱས་རྩེར་སོན།
དེ་ནས་སྤྱི་ལོ་902ཙམ་ནས་རྒྱལ་པོ་རང་གི་རུས་རྒྱུད་ཀྲིན་ཅན་ཞེས་པའི་སྐུ་དྲག་ཅིག་གིས་འཇང་རྒྱལ་ཁབ་ཀྱི་སྲིད་བརླགས་ཅིང་སྤྱི་ལོ་937ལོ་ཙམ་ནས་རུ་རྒྱུད་ཏུན (段)ཡིན་པའི་བློན་པོ་ཞིག་གིས་ཏཱ་ལིས་རྒྱལ་ཁབ་ (大里国)བཙུགས་ཏེ་བོད་སིལ་བུའི་སྐབས་སུ་སྔར་འཇང་གི་མངའ་རིས་ལས་ཡུལ་གྲུ་མང་ཙམ་བཟུང་ནས་ཞིང་ཕྱུགས་ལས་ཀྱི་བྱ་བ་གཙོ་བོ་དང་།ལག་ཤེས་བཟོ་རྩལ་སོགས་ཤིན་ཏུ་དར་རྒྱས་བྱུང་།རྒྱའི་སུང་རྒྱལ་རབས་ (宋朝)དང་འབྲེལ་བ་ཟབ་ཅིང་རྒྱལ་ཁབ་སྟོབས་ཤུགས་ཤིན་ཏུ་ཆེ།སྤྱི་ལོ་1253པ་ལ་ཧོར་ཇིན་གིར་ཧན (成吉斯汗)གྱིས་དཔུང་དམག་དྲངས་ནས་འཇང་རིགས་ཐམས་ཅད་རྩ་བ་ནས་བརླགས་ཏེ་ཡོན་རྒྱལ་རབས་ཀྱིས་མངའ་དབང་བསྡུས་སོ།དེའང་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་ལས། འཇང་ནི་བོད་ཐང་རྒྱལ་ཁབ་གཉིས་ཀྱི་བར་དུ་གནས་པས།ཕྱོགས་གཉིས་ཀས་དབང་དུ་བསྡུས་ཐབས་ཀྱི་འཁྲུགས་རྩོད་ཀྱང་བྱས་མྱང་ལ།མྱཱའི་རྒྱལ་པོ་ཀེ་ལོ་ཧྥོང (阁罗风)བྱ་བའི་སྐབས་ སུ་བོད་ཀྱི་བཙན་པོའི་ངོར་བལྟས་བས་རྒྱ་ནག་ཐང་རྒྱལ་རབས་དང་རྒྱབ་འགལ་བྱས་པ་ཡིན།ཞེས་པ་ལྟར་ན་བོད་ཀྱི་རྒྱལ་པོ་འདུས་སྲོང་མང་པོ་རྗེས་མྱྰ་དཀར་ནག་བོད་འོག་ཏུ་བསྡུས་པ་ནས་བཟུང་ཐང་རྒྱལ་རབས་དང་རྒྱབ་འགལ་བྱུང་བ་ཤིན་ཏུ་གསལ།བསམ་འགྲུབ་ཚེ་རིང་ལགས་ཀྱི་བོད་ཀྱི་དྲིལ་ལན་བརྒྱ་རྩ་བརྒྱད་ལས། དབྱི་རིགས་ཀྱི་མེས་པོ་ནི་བུའུ་དོ་ཅིན་ཧཱ (五朵金花)ལས་མཆེད་པར་འདོད་ཞེས་དང་།མཚོ་འགྲམ་ཀྱི་རི་ངོས་རྡོ་རིང་ལྟ་བུ་ཞིག་གི་སྟེང་དུ་བོད་ཡིག་གསལ་ལ་མི་གསལ་བ་ཞིག་གིས།རྒྱལ་མོ་ཏཱ་ལིས་མཚོ་ཁ།བུ་མོ་ཚེ་རིང་མཚོ་མོ། ཞེས་བྲིས་པར་བཤད་པ་སོགས་སུ་བརྟགས་ན་བུའུ་ཏོ་ཅིན་ཧྰ་ཟེར་བའི་མི་རིགས་སམ་ཚོ་བ་ཞིག་ཡོད་པའང་ཤུགས་ལས་གསལ་བར།སྔོན་ཆད་ཁོ་ཚོས་བོད་ཡིག་བེད་སྤྱོད་མྱོང་བའང་ཤེས་ཐུབ། ཡང་ཏཱ་ལིས་མཆོད་རྟེན་གྱི་ལོ་རྒྱུས་དྲན་རྟེན་རི་མོ་དེབ་ཞིག་ལས་བོད་བརྒྱུད་ནང་བསྟན་དར་བར་ར་སྤྲོད་ཀྱི་རི་མོ་དག་མཐོང་བར་ཡང་བཤད།དེ་ལྟར་ན་བོད་དང་འབྲེལ་བ་དམ་དུ་ཟབ་པར་མ་ཟད་བོད་བརྒྱུད་ནད་བསྟན་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་སམ་དར་བར་ར་སྤྲོད་ཐུབ་པ་བྱུང་།ཡུལ་གྲུ་འདི་རྣམས་སུ་བོན་གྱི་ནང་ནས་སྲིད་པ་རྒྱུད་ཀྱི་བོན་སྐོར་དར་རྒྱ་ཤིན་དུ་ཆེ།
གཞན་ཡང་གེ་སེར་སྒྲུང་ཡིག་ཏུ་བཀོད་པའི་འཇང་དང་བོད་མི་དམངས་ཀྱི་ངག་ནས་བྱུང་བའི་འཇང་དུ་འབོད་པ་དེ་ནི་དེང་གི་ལིས་ཅང་ (丽江)ས་ཁུལ་དུ་ནཱ་ཞིས་ (纳西族)མི་རིགས་སུ་གྲགས་པ་དེ་ལ་གོ་དགོས་ཤིང་།སྤྱིར་བོད་དང་ནཱ་ཞིས་མི་རིགས་གཉིས་ཀྱི་རིགས་རྒྱུད་བྱུང་ཁུངས་ཐད་ལ་འབྲེལ་བ་ཡོད་པས་སྐད་དང་གོམས་གཤིས་སོགས་ཀྱང་འདྲ་ས་ཆེས་མང་བར་མ་ཟད།ཆོས་དང་རིག་གནས་ཐད་ཀྱི་འབྲེལ་བའང་ཤིན་ཏུ་ཟབ་པ་སྟེ།དཔེར་ན་གནའ་སྔ་མོ་གཡུང་དྲུང་བོན་གྱི་སྲོལ་མཛད་སྟོན་པ་གཤེན་རབ་ཀྱི་རིང་ལུགས་སྲིད་པ་རྒྱུད་ཀྱི་བོན་རྣམས་ཡུལ་དེར་དར་བས་ཕྱིས་སུ་ཡུལ་དེའི་རིག་གནས་ཀྱི་ཆ་ཤས་སུ་གྱུར་པ་ལ་སྟོན་པའི་རིག་གནས་ (东巴文化)ཞེས་གྲགས་པ་རེད།དཔེར་ན་སྟོན་པ་གཤེན་རབ་ལ་སྟོན་པ་ཧྲི་ལོར་(东巴什罗)འབོད་པ་དང་། དེའི་རིག་གནས་རྣམས་ལ་(东巴文化)སྟེ་སྟོན་པ་རིག་གནས་སོགས་ཟེར་བར་སྣང་།འོན་ཀྱང་བོན་ཀྱི་རིག་གནས་ནང་ནས་སྲིད་པའི་རྒྱུ་བོན་གྱི་ཆ་ཤས་ཙམ་ཡིན་པར་ཤེས་དགོས།དུས་ཕྱིས་བོད་བརྒྱུད་ནང་བསྟན་ལས་བྱེ་བྲག་བཀའ་བརྒྱུད་པའི་གྲུབ་མཐའ་དར་བས་དེང་སང་དེར་ཡོད་ལྷ་ཁང་རྣམས་སུ་མར་མི་དགས་གསུམ་གཙོས་པའི་བླ་བརྒྱུད་ཀྱི་ལྡེབ་རིས་དང་གཞན་ཡང་ལྷ་རྟེན་མང་པོ་མཇལ་དུ་ཡོད་པའི་ཚུལ་གྲུབ་ཐོབ་འབྲུག་པ་ཀུན་ལེགས་ཀྱིས་དངོས་སུ་རིག་མྱོངས་ཚུལ་བསྟན་ཡོད།ད་ལྟ་ཁོ་ཚོས་བཀའ་བརྒྱུད་དང་བོན་པོའི་ཆོས་རྣམས་འདྲེས་མར་སྤྱོད་ཀྱིན་ཡོད། དཔེར་ན་བོན་གྱི་དཔེ་རྙིང་གེ་ཁོད་དམ་གསང་གྲགས་དང་དབལ་གསས་སོགས་ཀྱི་སྒྲུབ་གཞུང་དང་ཐང་ག་རི་མོ་སོགས་ཡོད།དེ་བཞིན་དུ་གེ་སར་སྒྲུང་ནང་གི་འཇང་ས་དམ་རྒྱལ་པོ་བྱ་བ་ནི་ཡུལ་དེ་ཀའི་རྒྱལ་པོ་ཞིག་ཡིན་པར་གདོན་མི་ཟ་སྟེ།ལོ་རྒྱུས་ལ་ལར་རྒྱ་སྐད་དུ་མུའུ་ཐན་ཝང (木天王)ཞེས་འབོད་པ་དེ་ཡིན་པར་བཤད།ཁོས་བོད་ཀྱི་ཁམས་ཕྱོགས་སུ་དམག་དྲངས་ཏེ་བཙན་རྫོང་བརྩིགས་པ་སོགས་ད་ལྟའང་བདེ་ཆེན་རྒྱུད་དུ་ (迪庆藏族自治州)མཐོང་རྒྱུ་ཡོད་པས་འཇང་གླིང་འཁྲུགས་པའི་སྒྲུངས་གཏམ་སོགས་ཀྱང་དེ་ནས་བྱུང་བར་ངེས།ཡུལ་དེ་ན་དེང་དུས་སུའང་ཁམས་ཀྱི་ས་དམ་མམ་ས་ཏང་དང་ས་ཐང་ཞེས་རྒྱལ་ཐང་དང་ས་ཐང་ཡང་ཐང་བཅས་ཐང་གི་སྒྲ་དེ་དྲག་པོའི་སྒོ་ཏང་ཞེས་བཀླགས་སོ།ཡང་ཆཱང་ཞེས་པའི་སྒྲ་དེའང་ལྗང་ངམ་འཇང་གི་སྒྲ་ལས་ཆད་པར་བཤད་ཀྱང་དོན་ངོ་མ་ཆཱང་བོད་སྐབས་སུ་འཆད་པར་བྱ་བས་འདིར་མང་པོ་མི་བཤད།། མཁན་པོ་ཚེ་རིང་ནོར་བུས་བརྩམས།