ཡུལ་ཤུལ་གྲོང་ཁྱེར།
[རྩོམ་སྒྲིག]
- མངའ་ཁོངས།
- རྩི་ཤིང་མེ་ཏོག་རིགས།
- སྲོག་ཆགས་ཀྱི་རིགས།
- ཕྱུགས་རིགས།
- ས་མིང་གི་བྱུང་བ།
1 མངའ་ཁོངས།
གྲོང་ཁྱེར་འདིའི་མངའ་ཁོངས་སུ་སྐྱེ་རྒུ་སྲང་ལམ་དོན་གཅོད་ཁང་དང་བྱ་ཤུལ་ཁོག་སྲང་ལམ་དོན་གཅོད་ཁང་། ཤེལ་དཀར་སྲང་ལམ་དོན་གཅོད་ཁང་། སེང་ཟེ་སྲང་ལམ་དོན་གཅོད་ཁང་བཅས་སྲང་ལམ་དོན་གཅོད་ཁང་བཞི་དང་། རོང་པོ་གྲོང་རྡལ་དང་རག་སྨད་གྲོང་རྡལ་བཅས་གྲོང་རྡལ་གཉིས། ཟུར་མང་ཆུང་བ་ཡུལ་ཚོ་དང་རག་སྟོད་ཡུལ་ཚོ། ཧ་ཤུལ་ཡུལ་ཚོ། ཨ་ཁྲོ་ཡུལ་ཚོ། འབྲོང་མདའ་ཡུལ་ཚོ། དཔལ་ཐང་ཡུལ་ཚོ་བཅས་ཡུལ་ཚོ་དྲུག་ཡོད། ད་དུང་གྲོང་ཁྱེར་འདིར་དགོན་ཁག་52དང་ཆོས་ལུགས་བྱ་འགུལ་སྤེལ་གནས6བཅས་ཡོད།
གྲོང་ཁྱེར་ཡོངས་ལ་སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ15715.79(མུའུ23573668)ཡོད་པ་དང་། ས་ཞིང་མཁོ་སྤྱོད་རང་བཞིན་གྱི་གྲུབ་སྟངས་ལས་ཞིང་སའི་རྒྱ་ཁྱོན་ལ་མུའུ་ཁྲི5.53ཡོད་ཅིང་དེས་ས་ཁྱོན་སྤྱིའི0.24%ཟིན་ཡོད། ནགས་ལས་ཀྱི་སའི་རྒྱ་ཁྱོན་ལ་མུའུ་ཁྲི312.45ཡོད་ཅིང་དེས་ས་ཁྱོན་སྤྱིའི13.27%ཟིན་ཡོད། རྩྭ་སའི་རྒྱ་ཁྱོན་ལ་མུའུ་ཁྲི1793.63ཡོད་ཅིང་དེས་ས་ཁྱོན་སྤྱིའི76.20%ཟིན་ཡོད། སྡོད་གནས་དང་གཏེར་ལས་ཐད་བཀོལ་བའི་སའི་རྒྱ་ཁྱོན་ལ་མུའུ་ཁྲི1.59ཟིན་ཞིང་དེས་ས་ཁྱོན་སྤྱིའི0.08%ཟིན་ཡོད། འགྲིལ་འགྲུལ་ལ་བཀོལ་བའི་སའི་རྒྱ་ཁྱོན་ལ་མུའུ་ཁྲི1.04ཟིན་ཞིང་དེས་ས་ཁྱོན་སྤྱིའི0.04%ཟིན་ཡོད། ཆུ་ཡིས་ཁྱབ་པའི་རྒྱ་ཁྱོན་ལ་མུའུ་ཁྲི16.23ཡོད་ཅིང་དེས་ས་ཁྱོན་སྤྱིའི0.69%ཟིན་ཡོད། བཀོལ་སྤྱོད་མ་བྱས་པའི་སའི་རྒྱ་ཁྱོན་ལ་མུའུ་ཁྲི23.53ཟིན་ཞིང་དེས་ས་ཁྱོན་སྤྱིའི9.48%ཟིན་ཡོད། གནམ་གཤིས་དང་ས་བབས་ཀྱི་དབྱིབས། ཆུའི་འབབ་ཁུལ། ས་གཤིས་དང་སྐྱེ་དངོས་སོགས་ཀྱི་རྣམ་པ་དང་། བཀོལ་སྤྱོད་རང་བཞིན་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས་ས་ཁམས་ལ་སྐུ་རྒྱལ་(རྒྱམ་རྡོ་ཏི་གངས་དཀར་མཆེད་བརྒྱད་ཡི་འབྲོག་ལས་གཅིག་པོའི་ས་ཁུལ་དང་འབྲི་ཆུའི་ལྷོ་རྒྱུད་ལུང་འགག་གི་ཞིང་ནགས་འབྲོག་གསུམ་འདུས་པའི་ས་ཁུལ། རྩི་ཆུ་དང་མཚོ་ཆུའི་རི་ཀླུང་ཤིང་ནགས་ཀྱི་ས་ཁུལ་བཅས་གསུམ་ལ་དབྱེ་ཆོག
གྲོང་ཁྱེར་འདིའི་དཀྱིལ་དུ་ཤར་ནུབ་རྒྱུད་པའི་རི་རྒྱུད་ཅིག་ཡོད་པ་དེའི་མིང་ལ་རྡོ་ཏི་གངས་དཀར་མཆེད་བརྒྱད་ཀྱི་རི་བརྒྱུད་ཟེར་ཞིང་དེ་ནི་འབྲི་ཟླ་ཟལ་མོ་སྒང་གི་ཁོངས་སུ་གཏོགས་པ་དང་སྒང་རྒྱུད་དེའི་ལྷོ་ནུབ་ཕྱོགས་ཀྱི་ཆུ་ལག་ཡོད་ཚད་རྫ་(ཟླ)ཆུའི་ཡན་ལག་ཡིན་ལ། བྱང་ཤར་ཕྱོགས་ཀྱི་ཆུ་ལག་ཡོད་ཚད་འབྲི་ཆུའི་ཡན་ལག་ཡིན། གྲོང་ཁྱེར་འདིའི་ས་བབས་ཆེས་མཐོ་ས་ནི་རྡོ་ཏི་གངས་དཀར་མཆེད་བརྒྱད་ཡིན་ཞིང་དེའི་མཐོ་ཚད་ལ་མཚོ་ངོས་ལས་སྨིས5625ལྷག་ཡོད་པ་དང་། ཆེས་དམའ་ས་ནི་གདོང་རྫོང་འབྲུ་མདའ་ཡིན་ཞིང་དེའི་མཐོ་ཚད་ལ་མཚོ་ངོས་ལས་སྨི3350ཡོད། ས་བབ་ཧྲིལ་པོའི་ཆ་སྙོམས་ཀྱི་མཐོ་ཚད་ལ་མཚོ་ངོས་ལས་སྨི4493ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི5000ཡན་ཡོད་པའི་རི951ཡོད་ཅིང་རི་རྩེ་གངས་ཀྱིས་བཟུང་ཡོད།
གྲོང་ཁྱེར་འདིར་གནས་མཚོ་དུ་མས་བསྐོར་བའི་གནས་རི་གྲགས་ཅན་ཞིག་ཡོད་པ་དེའི་མིང་ལ་རྒྱམ་རྒྱལ་རྡོ་ཏི་གངས་དཀར་མཆེད་བརྒྱད་ཟེར་ཞིང་། དེ་ནི་བོད་ཁམས་གནས་ཆེན་གངས་ཙཱ་རྡོ་གསུམ་(གངས་རི་དང་ཙཱ་རི། རྡོ་ཏི)ཡི་ཡ་གྱལ་ཡིན་ལ། བོད་ཀྱི་སྒྲུབ་གནས་གངས་ར་ཉེར་གཅིག་དང་དགེ་བསྙེན་ཉེར་གཅིག་གི་བྱེ་བྲག་ཞིག་ཀྱང་ཡིན། མདོ་ཁམས་གནས་ཆེན་ཉེར་ལྔའི་འཕྲིན་ལས་ཀྱིས་འགྲོ་བ་འདུལ་བའི་ཞི་བའི་གནས་ཡིན་ཞིང་རྡོ་ཏི་དུང་རྒྱ་མ་ཞེས་ཡོངས་སུ་གྲགས། ད་དུང་གནས་ཆེན་པད་མ་མཐོང་གྲོལ་དང་ཤོ་དཀར་འབེལ། རིན་ཆེན་ཤེལ་བྲག གཉན་རྒྱལ་རི་མཚོ་ཕུག་གསུམ། དང་པོ་གནས། རིགས་གསུམ་མགོན་པོ། བདུད་འདུལ་གླང་ཆེན་སོགས་གནས་བྱིན་རླབས་ཅན་མང་པོ་ཡོད། གནས་འདི་ནས་ཆུ་ཆེན་འབྲི་ཆུའི་ཡན་ལག་ཆེ་ཤོས་ལ་གཡི་ཆུ་དང་བྱ་ཆུ། ཟླ་ཆུའི་ཡན་ལག་ཆེ་ཤོས་ལ་རྩི་ཆུ་དང་མཚོ་ཆུ་གཙོ་བྱེད་པའི་འབབ་ཆུ་གྲངས་ལས་འདས་པ་ཞིག་གི་ཆུ་མགོ་འདི་རུ་ཡོད་ཅིང་ལྷུང་ལྷུང་བཞུར་བཞིན་ཡོད། འདབ་ཆགས་ཀྱི་གླིང་གར་གྱུར་པའི་གཉེན་རྒྱལ་མཚོ་དང་གསེར་གཡུ་མཚོ། རོང་པོ་མཚོ། རྒྱམ་མཚོ་ནག སྲིའུ་འོ་མཚོ་སོགས་དུ་མ་ཡོད། ཐང་ཆེན་ཞིག་ཡོད་པའི་མིང་ལ་དཔལ་ཐང་ཟེར་ཞིང་། དེ་ནི་གནའ་དུས་དམངས་སྲོལ་གཏམ་རྒྱུད་གཏམས་པའི་གསེར་གྱི་ནོར་གཞོང་ཆེན་མོ་ཞིག་ཡིན་ལ། དེར་ཡུལ་ཤུལ་དཔལ་ཐང་གནམ་གྲུ་འབབ་ཐང་འཛུགས་སྐྲུན་བྱས་ཡོད་པས་ཡུལ་ཤུལ་དང་ཕྱི་རོལ་ཡུལ་གྱི་མཁའ་ནས་འབྲེལ་བ་བྱ་སའི་གནས་གཅིག་པུ་དེ་ཡིན།
གནས་འདིའི་ས་འོག་ལ་གསེར་དང་དངུལ། ཟངས། ལྕགས། ཏི་ཚ། ཞ་ཉེ། མུ་ཟི། ཧ་ཡང་། དངུལ་ཆུ། ཁབ་ལེན། ལྷང་ཚེར། རྡོ་སོལ། རྡོ་ཞོ། གཡང་ཊི། ཀ་མ་རུ་པ། མཆོང་། ཚ་ལ། མཚལ། ལྡོང་རོས། འཁར་བ། ར་གན། ཐོག་ལྕགས། ཅུ་གང་། ཅང་ཞི། ཆུ་ཤེལ། ཏི་ཚ། བུལ་ཏོག རྡོ་རྒྱུས་སོགས་ཀྱི་གཏེར་རིགས་ཕུན་སུམ་ཚོགས་པ་ཡོད་ཅིང་།
2 རྩི་ཤིང་མེ་ཏོག་རིགས།
ཤུག་པ་དང་གླང་མ། ལྕང་མ། ལི་ཤི། སེ་བ། སྤེན་དཀར། སྤེན་ནག སུར་དཀར། སུར་ནག སྐྱེར་དཀར། སྐྱེར་ནག ཚེར་མ། སྟག་མ། དབྱི་མང་། འཕང་མ། མཛོ་མོ་ཤིང་། སིལ་ཤིང་། འོམ་བུ། དབྱར་པ། ཀུ་ཤུའི་ཤིང་། འཕང་མ། གླེ། ཉ་རུགསྙག་ག་སོགས་ཤིང་རིགས་སྣ་ཚོགས་སྐྱེས་ཡོད་པ་དང་། དབྱངས་ རྩྭ་དགུན་འབུ། གཟའ་བདུད་མགོ་དགུ། སུར་ཡུང་། རྫ་ཡུང་། ཀོན་པ་གབ་སྐྱེས། ཀྱི་ལྕེ། ཀླུ་བདུད་རྡོ་རྗེ། སྐེ་ཚེ། སྐྱེར་མེ། ཁུར་མོང་། ཁྲོན་བུ། འཁན་པ། ག་པུར་ཏིས་ལོ། གང་ག་ཆུང་། གོ་སྙོད། གྲོ་མ། གྲོག་ཤིང་། གླ་སྒང་། རྒུ་དྲུས། རྒྱ་མེན། རྒྱ་རྩི། རྒྱ་སྲན། སྒོག་སྐྱ། ལྕ་བ། ལྕགས་ཀྱུ། ལྕམ་པ། ལྕུམ་རྩ། ལྕེ་ཚ། ཆུ་མ་རྩི། ཆུ་ཚན། ཆུ་རུག འཇིབ་རྩི། ཉ་ལྕིབས། ཉུང་མ། ཉེ་ཤིང་། སྙ་ལོ། ཏང་ཀུན། ཏི་མུ་ས། རྒྱ་ཏིག ཏིལ་ནག སྟག་ཤ ། སྟང་རི་ཟིལ་པ། སྟར་བུ། ཐ་རམ། ཐང་ཕྲོམ། ཐར་ནུ། འདམ་བུ་ཀ་ར། རྡོ་མཁྲིས། རྡོ་དྲེག ལྡུམ་བུ་རེ་རལ། ན་རམ། སྣེའུ། པར་པ་ཏ། པྲི་ཡང་ཀུ། སྤ་ཡག སྤང་རྒྱན། སྤང་སྤོས། སྤང་རྩི་དོ་པོ། སྤོར། སྤྱང་ཚེར། སྤྲ་ཐོག སྤྲུ་དཀར། སྤྲུ་ནག ཕུར་མོང་། འཕང་མའི་འབྲས་བུ། བ་ལུ། ལྡུམ་བུ་ཁྲག་རྐང་། བོང་ང་དཀར་ནག བྱ་རྒོད་སུག་པ། བྱ་ཕོ་རྩེ། བྱི་རུག བྱི་ས། བྲ་བོ། བྲག་སྒོག བྲག་སྤོས། བྲག་ཞུན། བྲེ་ག དབང་པོ་ལག་པ། དབང་པོ་རིལ་བུ། དབྱི་མོང་། འབམ་པོ། འབུ་སྐྱོགས། འབུ་སུ་ཧང་། འབྲི་ཏ་ས་འཛིན། འབྲུག་རུས། མེ་ཏོག་གླང་སྣ། མེ་ཏོག་ལུག་མིག མེ་ཏོག་སེར་ཆེན། མྱང་རྩི་སྤྲས། སྨུག་པོ་སྦལ་རྒྱབ། དཀར་པོ་སྦལ་རྒྱབ། བཙག བཙོང་། རྩ་མཁྲིས། ཚེར་སྔོན། མཚེ་ལྡུམ། ཟྭ་ཕྱི་ཨ་ཡ། གཟེ་མ། འོལ་མོ་སེ། ཡ་བཀྵ་ར། ཡུ་མོ་མདེའུ་འབྱིན། གཡའ་ཀྱི་མ། གཡར་མོ་ཐང་པ། ར་མཉེ། རུག་སྒོག རེ་སྐོན། རེ་ལྕག་པ། ལ་ཕུག ལུག་རུ་སེར་པོ། ལུག་རུ་དམར་པོ། ཤོ་མང་། ཤང་དྲིལ། ཤུག་པ་ཚེར་ཅན། ཤེལ་ཏ། ས་སྨྱག ས་རྫི་ཀ ། སུམ་ཅུ་ཏིག་ཏ། སེ་བའི་མེ་ཏོག སེང་གེ་འཇིགས་མེད། སོ་བ། སྲན་མ། སྲུབ་ཀ ། སྲོལ་གོང་པ། གསེར་ཕྱེ། ཨ་ཀྲོང་། ཨ་བྱག ཨ་བྷི་ཥ། ཨུག་ཆོས། ཨུཏྤལ་དམར་སྔོན་སེར་གསུམ་སོགས་ཕུན་སུམ་ཚོགས་པ་ཡོད།
3 སྲོག་ཆགས་ཀྱི་རིགས།
སྦྲུལ་དང་། རྩངས་པ་སོགས་ལྟོ་འགྲོ། ཆ་ག་བ་དང་། བྱང་ཁྲ། ཕྱེ་མ་ལེབ། སྦྲང་མ་སོགས་འབུ་སྲིན། དེ་ཡང་གཅན་གཟན་གྱི་རིགས་ལ་གསའ་དང་གཟིག གསའ་མ་གཟིག དྲེད། སྤྱང་ཀི། གཡི། ཝ། སྦྲེ། འཕར་བ། གྲུམ་པ། ཤུག་སྟག སྲེ་མོང་། ཨོག་དཀར། ཏེ་ལོ་སོགས་དང་། རི་དྭགས་རིགས་ལ་འབྲོང་དང་རྐྱང་། ཤྭ་སྐྱ། ཤྭ་དམར། ཁ་ཤྭ། གནའ། རྒོ་བ། གླ་བ། རྒྱ་གོ་ར། ར་རྒོད། སྤྲེལ། རི་བོང་། ཕྱི་བ། རྫ་ར། ཨ་ར། བྱི་བ་སོགས། ཆུ་གནས་ཀྱི་རིགས་ལ་མཚོ་གླང་དང་སྲམ། གངས་སྦལ། ཉ། ཆུ་བྱི་སོགས། འདབ་ཆགས་ཀྱི་རིགས་ལ་གླག ཁྲ། གོ་བོ། རྒོད། ཕོ་རོག ཆུ་གླག་མགོ་དཀར། ཨ་གླག ཁྲ་མ་གླག ཁྲ་སྐྱ་ཁྲ། འུག་པ། འུག་གུ་ཆུང་། པུ་ཤུད། བྱ་དྲི་ཤི། ནེ་ལེ། གོང་མོ། སྲེག་པ། སྐྱུང་ཀ ། སྐྱང་ཁྲ། ཁུ་ཡུག ཀ་ཀ ། ཁྭ་ཏ། མཇོལ་མོ། རྟ་རྫི་རག་ཁྲ། ཕུག་རོན། བྱིའུ་ཁྲ། བྱིའུ་ཁྲ་ཀ་ཀ ། ཁུ་ཡུག་བུ་རྫི། ཨ་ཕྱི་བྲག་དམར། ཕ་ཝང་སྐྱི་མོ། ལྡི་ལི་བྲང་དམར། ཏི་ཐོ། ཁྲ་མོ་རྡོ་གཞའ། ཨ་ནེ་མགོན་ནེ། གངས་བྱིའུ་སྐྱ་ཐོ། གངས་བྱིའི་དམར་ཏོ། དགེ་བ་པི་ཧྲི། པ་ཏ་ཀ་ཡུ། གཏི་རུག་ཁ་སེར། ནག་བསགས་ཐལ་མགོ། སྤྱང་རྒན་སྐྱ་ལྷུག ལུག་རྫི་ཕྱིང་ཁུར། རེ་ཚེར། གླང་བྱིའུ་ཐེམ་མེ། གསེར་བྱིའུ། དངུལ་བྱིའུ། རྫ་བྱིས་གཤོག་ཁྲ། ཅོ་ག མཆིལ་པ། ཁ་ལ་ཡུག ཁྲུང་ཁྲུང་། ངང་སེར། ངང་དཀར། མཐིང་རིལ། ཆུ་བྱིའུ་ཨོག་དཀར་སོགས། སྦྲུལ་དང་སྦལ་བ། འབུ་སོགས་སྲོག་ཆགས་ཀྱི་རིགས་བརྗོད་ལས་འདས་པ་ཞིག་ཡོད།
4 ཕྱུགས་རིགས།
རྟ་དང་ནོར། བ། མཛོ་མོ། དྲེལ། བོང་བུ། ལུག ར་སོགས་ཡོད།
5 ས་མིང་གི་བྱུང་བ།
གྲོང་ཁྱེར་འདིའི་མིང་ལ་ཡུལ་ཤུལ་ཞེས་ཐོགས་དོན་ནི། སྤྱི་ལོ2010ལོའི་ཟླ4པའི་ཚེས15ཡི་ས་འགུལ་རྒྱུགས་རྗེས་ཡུལ་ཤུལ་བསྐྱར་འཛུགས་ཀྱི་བྱ་བ་གཉེར་བ་དང་མཉམ་དུ་རྫོང་རིམ་པའི་གྲོང་ཁྱེར་ལ་བསྒྱུར་བའི་བྱ་བཞག་གྲ་སྒྲིག་བྱས་པ་དང་། གྲོང་ཁྱེར་གྱི་མིང་ཡང་གང་འདྲ་ཞིག་འདོག་པའི་ཐད་ལ་ས་གནས་རིམ་པའི་གྲོས་བསྡུར་མང་པོ་བྱས་པ་བརྒྱུད། ཆུ་གསུམ་འབྱུང་ཡུལ་གྲོང་ཁྱེར་དང་ཡུལ་ཤུལ་གྲོང་ཁྱེར། སྐྱེ་རྒུ་གྲོང་ཁྱེར་ཞེས་མིང་འདྲ་མིན་གསུམ་ཙམ་འདོན་སྤྲོད་བྱས། མིང་དེ་གསུམ་ལས་ཆུ་གསུམ་འབྱུང་ཡུལ་ནི་རྒྱ་ཆེ་དྲགས་པ་དང་སྐྱེ་རྒུ་ནི་ཆུང་དྲགས་པ་རྒྱུ་མཚན་དུ་བྱས་ཤིང་། ཡུལ་ཤུལ་ནི་གཅིག་ནས་སྔར་གྱི་རྫོང་ཉིད་ཀྱི་མིང་ཡིན་ཞིང་། གཉིས་ནས་ས་འགུལ་སྐབས་སུ་ཁྱབ་བསྒྲགས་ཆེན་པོ་བྱས་པ་སོགས་རྒྱུ་མཚན་དུ་བྱས་ཏེ། སྤྱི་ལོ2013ལོའི་ཟླ7པའི་ཚེས4ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་དམངས་སྲིད་པུའུ་ཡིས་ཡུལ་ཤུལ་གྲོང་ཁྱེར་ཞེས་པའི་མིང་དེ་ཆོག་འགོད་བྱས། སྤྱིར་ཡུལ་ཤུལ་ཞེས་པའི་དོན་ནི། ཡུལ་སྡེ་ཆགས་པའི་ཤུལ་རྗེས་ལ་གོ་ཤིང་སྔར་ནང་ཆེན་རྒྱལ་པོའི་མངའ་ཁོངས་དཔོན་མགོ་ཉེར་ལྔའི་ཡ་གྱལ་ཡུལ་ཤུལ་དཔོན་ཤོག་གི་མིང་ཡིན་པ་དང་། དེ་ནི་གླིང་གེ་འབྲུག་གི་དུས་སུ་འབྲུག་མོའི་ཕ་ས་སྒ་སྐྱ་ལོ་ཚང་གི་ཤུལ་རྗེས་ཡིན་པའི་ཆ་ནས་མིང་དེ་ལྟར་ཐོག་པ་རེད་ཟེར་སྲོལ་ཡོད་ཀྱང་། དོན་དངོས་སུ་གནའ་རབས་བོད་ཀྱི་རུས་ཆེན་བཞི་ཡི་ཡ་གྱལ་གདོང་ལ་རུས་ཚན་མང་པོ་ཡོད་པ་ལས་ཤུལ་ཆེན་བཅོ་བརྒྱད་ཀྱི་བྱེ་བྲག་ཅིག་ཡིན་ཞིང་འདོད་རྒྱལ་གྱི་མིང་ཞིག་རེད། གྲོང་ཁྱེར་འདི་ལ་ཡུལ་ཤུལ་ཐོགས་པ་འདི་ནི་ལོ་རྒྱུས་ལ་བལྟས་ན་ཆུང་མིང་ཆེ་རུ་ཐོགས་པ་ཞིག་དང་ད་ལྟའི་གནས་ཚུལ་ལ་ལྟས་ན་གཞན་མིང་རང་ལ་ཐོགས་པ་ལྟ་བུ་ཞིག་ཡིན།
སྤྱི་ལོ1917ལོའི་ཟླ3པར་པེ་དབྱང་སྲིད་གཞུང་གིས་མཱ་ཆིས་ཀྱི་རེ་ཞུས་ལྟར་ཡུལ་ཤུལ་ལས་འཛིན(ཀྲུང་ཧྭ་མིན་གོའི་ལོ་༢་པའམ་སྤྱི་ལོ1913ལོར་པེ་དབྱང་སྲིད་གཞུང་གི་དམག་དཔུང་ཚོ་གཅིག་ཡུལ་ཁམས་འདིར་འབྲི་ཆུའི་རབ་ཁ། ཆུ་དམར་རབ་བདུན་རྒལ་ནས་ཡོང་དུས་གནས་དེའི་ཡུལ་ཤུལ་དཔོན་གྱིས་འགོག་རྒོལ་འོག་དམག་ཉེན་ཆེན་པོ་ཤོར་ཞིང་གནས་ཚུལ་ཡར་ཞུ་བྱས་པའི་ནང་དུ་ཡུལ་ཤུལ་ཞེས་པའི་ས་མིང་བཀོད་པ་རྒྱུ་མཚན་དུ་བྱས་ཏེ་རྗེས་སོར་གསར་དུ་བཙུགས་པའི་ལས་འཛིན་དེའི་མིང་ལ་ཡུལ་ཤུལ་ཞེས་ཐོགས)བཙུགས། སྤྱི་ལོ1929་སྔོན་ཞིང་ཆེན་བཙུགས་དུས་སུ་སྔར་གྱི་ཡུལ་ཤུལ་ལས་འཛིན་དེ་ཡུལ་ཤུལ་རྫོང་ལ་བཅོས་(སྐབས་དེ་དུས་ཀྱི་ཡུལ་ཤུལ་རྫོང་ནི་ད་ལྟའི་ཡུལ་ཤུལ་ཁུལ་དང་འདྲ་བར་ནང་ཆེན་རྒྱལ་པོ་དང་བཅས་པའི་དཔོན་མགོ་ཉེར་ལྔ་འདུས་ཡོད)སྤྱི་ལོ1933ལོའི་ཟླ10པའི་ཚེས6ཉིན་ཡུལ་ཤུལ་རྫོང་ཁོངས་ཀྱི་ལྷོ་ངོས་བཅད་དེ་ནང་ཆེན་རྫོང་བཙུགས། སྤྱི་ལོ1937ལོའི་ཟླ3པའི་ཚེས25ཉིན་ཡུལ་ཤུལ་རྫོང་ཁོངས་ཀྱི་བྱང་ངོས་བཅད་དེ་ཁྲི་འདུ་རྫོང་བཙུགས། སྤྱི་ལོ1949ལོར་ཡུལ་ཤུལ་རྫོང་ཞི་བའི་བཅིང་གྲོལ་བྱས། སྤྱི་ལོ1950ལོའི་ཟླ་8པར་ཡུལ་ཤུལ་རྫོང་མི་དམངས་བྱ་བའི་ཨུ་ཡོན་ལྷན་ཁང་བཙུགས་ཤིང་སྔར་གྱི་སྲིད་གཞུང་གཞུང་ཞབས་སོར་བཞག་བྱས། སྤྱི་ལོ1951ལོའི་ཟླ7པར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་བྱ་བའི་ལས་ཆོད་ཇེ་མཐོར་བཏང་ཅིང་ལས་ཁུངས་ཉུང་བསྡུས་བཏང་བ་ཞེས་པའི་གཏན་འབེབས་ལྟར་ཡུལ་ཤུལ་ཀྲོན་ཡོན་ཀུང་ཧྲུའུ་དམངས་སྲིད་ཁོའོ་ཡིས་ཚབ་བྱས་ཏེ་ཡུལ་ཤུལ་རྫོང་གི་བྱ་བར་དོ་དམ་བྱས། སྤྱི་ལོ1953ལོའི་ཟླ7པའི་ཚེས7ཉིན་ཡུལ་ཤུལ་རྫོང་དང་ནང་ཆེན་རྫོང་གི་ཁོངས་ནས་ཤོག་ཁ་ཚོ་གཅིག་བཅད་དེ་དགེ་འབྲོང་རྫོང་བཙུགས་པ་དང་སྤྱི་ལོ1954ལོར་མིང་ལ་རྫ་སྟོད་རྫོང་ཞེས་བཅོས། སྤྱི་ལོ1953ལོའི་ཟླ10པའི་ཚེས25ཉིན་ཡུལ་ཤུལ་རྫོང་དང་ཁྲི་འདུ་རྫོང་ཁོངས་ཀྱི་ཤོག་ཁ་ཚོ་གཅིག་བཅད་དེ་འབྲི་སྟོད་རྫོང་བཙུགས། སྤྱི་ལོ1957ལོའི་ཟླ2པར་ཡུལ་ཤུལ་ས་གནས་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་དེ་ཡུལ་ཤུལ་རྫོང་བསྐྱར་དུ་བཙུགས་ཤིང་། ཟླ4པར་ཡུལ་ཤུལ་རྫོང་གི་མངའ་ཁོངས་སུ་ཨ་རོང་དང་བུ་ར་གཉིས། རབ་ཤིས། གྲའུ་ཤོག་ཁ་བཅས་ཀྱི་ཤོག་ཁ་དང་སྐྱེ་རྒུ་གྲོང་རྡལ་བཅས་ཤོག་ཁ་བཞི་དང་གྲོང་རྡལ་གཅིག་བཙུགས། སྤྱི་ལོ1958ལོའི་ཟླ4པར་ཨ་རོང་ཤོག་ཁ་ལས་ཨ་ཁྲོ་ཤོག་ཁ་ཟུར་དུ་བཙུགས་ཤིང་། ཞེའུ་ཤོག་ཁ་གསར་དུ་བཙུགས་པ་དང་། གྲའུ་ཤོག་ཁ་དང་ཨ་རོང་ཤོག་ཁ་ལས་ཁག་རེ་བཅད་དེ་འབྲོང་མདའ་ཤོག་ཁ་བཙུགས། སྤྱི་ལོ1959ལོའི་ལོ་མགོར་ཞེའུ་ཤོག་ཁ་ཁྲི་འདུ་རྫོང་དུ་བརྒྱབ་པ་དང་། རབ་ཤིས་ཤོག་ཁ་བཅད་དེ་རབ་སྟོད་ཤོག་ཁ་ཟུར་དུ་བཙུགས་ཤིང་། གྲའུ་ཤོག་ཁ་དང་ཨ་རོང་ཤོག་ཁ་ལས་ཁག་རེ་བཅད་དེ་ཧ་ཤུལ་ཤོག་ཁ་བཙུགས། སྤྱི་ལོ1959ལོའི་ཟླ5པའི་ཚེས18ཉིན་ཡུལ་ཤུལ་དང་ཁྲི་འདུ་རྫོང་གཉིས་ཀྱི་ཁོངས་ནས་ཤོག་གཅིག་བཅད་དེ་ཐོན་ཧི(འབྲི་ཆུ)རྫོང་བཙུགས་ཤིང་ཡུལ་ཤུལ་དང་ནང་ཆེན་རྫ་སྟོད་འབྲི་སྟོད་ཆུ་དམར་ལེབ་བཅས་རྫོང་བཞིའི་ཤོག་རེ་བཅད་དེ་ཅང་ནན(ཆུ་ལྷོ)རྫོང་བཙུགས་པ་དང་། ལོ་དེའི་ལོ་མཇུག་ལ་ཤོག་ཁ་སྲིད་གཞུང་མི་དམངས་སྤྱི་ཁང་ལ་བསྒྱུར། སྤྱི་ལོ1962ལོའི་ཟླ8ཚེས20ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་འོག་རྫོང་དེ་གཉིས་མར་འཐེན་ཏེ། ཐོན་ཧི(འབྲི་ཆུ)རྫོང་གི་རྫ་སྟོད་དང་སྒ་སྟོད་མི་དམངས་སྤྱི་ཁང་གཉིས་ཁྲི་འདུ་རྫོང་གི་མངའ་ཁོངས་སུ་བསྡུས་ཤིང་། ཤར་རླུང་དང་འབའ་དགོན་མི་དམངས་སྤྱི་ཁང་གཉིས་ཆུ་དམར་ལེབ་རྫོང་མངའ་ཁོངས་སུ་བསྡུས་པ་དང་། ཅང་ནན(ཆུ་ལྷོ)རྫོང་ཡོངས་རྫོགས་ཡུལ་ཤུལ་རྫོང་གི་མངའ་ཁང་གི་ཁོངས་སུ་བསྡུས་པ་རེད། སྐབས་དེ་དུས་ཡུལ་ཤུལ་རྫོང་གི་མངའ་ཁོངས་སུ་སྐྱེ་དགུ་གྲོང་རྡལ་འདུས་པའི་མི་དམངས་གུང་ཧྲེ་(སྤྱི་ཁང)དགུ་ཡོད་ཅིང་། ལོ་དེའི་ཟླ་བཅུ་གཉིས་ཚེས27ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་ཨུ་ཡོན་ལྷན་ཁང་གི་འབྲོག་ལས་ཁུལ་དུ་ཡུལ་ཚོ་རིམ་པའི་སྲིད་དབང་ལས་ཡུལ་ཚོ་དང་སྤྱི་ཁང་དབྱེ་འཛུགས་སྐོར་གྱི་རྩ་དོན་ལྟར་མི་དམངས་སྤྱི་ཁང་ཞེས་པ་དེ་ཡུལ་ཚོ་ཞེས་པར་བསྒྱུར། རྫོང་ཡོངས་ལ་ཡུལ་ཚོ་9དང་སྤྱི་ཁང70ཡོད་པ་དང་། དེར་སྐྱེ་རྒུ་ཡུལ་ཚོའི་མངའ་ཁོངས་སུ་སྤྱི་ཁང10དང་དཔལ་ཐང་ཡུལ་ཚོའི་མངའ་ཁོངས་སུ་སྤྱི་ཁང8 རྗེས་རོང་ཡུལ་ཚོའི་མངའ་ཁོངས་སུ་སྤྱི་ཁང10 ཨ་ཁྲོ་ཡུལ་ཚོའི་མངའ་ཁོངས་སུ་སྤྱི་ཁང5 ཧ་ཤུལ་ཡུལ་ཚོའི་མངའ་ཁོངས་སུ་སྤྱི་ཁང2 འབྲོང་མདའ་ཡུལ་ཚོའི་མངའ་ཁོངས་སུ་སྤྱི་ཁང10ཟུར་མང་ཆུང་བ་ཡུལ་ཚོའི་མཁའ་ཁོངས་སུ་སྤྱི་ཁང12 རབ་སྨད་ཡུལ་ཚོའི་མངའ་ཁོངས་སུ་སྤྱི་ཁང9དང་རུ་ཆེན2 རོགས་རེས་ཚོ་ཆུང1 རབ་སྟོད་ཡུལ་ཚོའི་མངའ་ཁང་དུ་སྤྱི་ཁང4དང་རོགས་རེས་ཚོ་ཆུང4བཅས་ཡོད། སྤྱི་ལོ1967ལོར་ཡུལ་ཚོ་ཞེས་པ་དེ་སྤྱི་ཁང་གསར་རྗེ་ཨུ་ཡོན་ལྷན་ཁང་ཞེས་པར་བསྒྱུར་ཅིང་ཡུལ་ཚོའི་མངའ་ཁོངས་ཀྱི་སྤྱི་ཁང་རུ་ཆེན་ལ་བསྒྱུར། སྤྱི་ལོ1977ལོར་སྤྱི་ཁང་གསར་རྗེ་ཨུ་ཡོན་ལྷན་ཁང་ཞེས་པ་དེ་སྤྱི་ཁང་དོ་དམ་ཨུ་ཡོན་ལྷན་ཁང་ལ་བསྒྱུར། སྤྱི་ལོ1983ལོའི་ཟླ4པར་དཔལ་ཐང་ཡུལ་ཚོར་མི་དམངས་སྤྱི་ཁང་ཡུལ་ཚོར་བསྒྱུར་བ་དང་རུ་ཆེན་གྲོང་ཚོར་བསྒྱུར་ཅིང་། ཐོན་སྐྱེད་རུ་ཁག་ཞིང(འབྲོག)ལས་ཐོན་སྐྱེད་མཉམ་ལས་ཁང་ལ་བསྒྱུར་བའི་སྲིད་སྡེ་དབྱེ་འཛུགས་ཀྱི་ཚོད་ལྟ་བྱ་གནས་ཀྱི་བྱ་བ་བསྒྲུབས་ཤིང་། ཡུལ་ཚོ་གཅིག་ལ་གྲོང་ཚོ་བདུན་དང་ཞིང(འབྲོག)ལས་ཐོན་སྐྱེད་མཉམ་ལས་ཁང31བཙུགས། སྤྱི་ལོ1924ལོའི་ཟླ་པའི་ཚེས1པོ་ནས་ཟླ6པའི་ཚེས9བར་སྲིད་སྡེ་དབྱེ་འཛུགས་བྱ་བ་རྫོང་ཡོངས་སུ་སྤེལ་ཏེ། མི་དམངས་དོ་དམ་ཨུ་ཡོན་ལྷན་ཁང་དེ་མར་འཐེན་ནས་ཡུལ་ཚོ་མི་དམངས་སྲིད་གཞུང་བཙུགས། སྐབས་དེར་ཡུལ་ཤུལ་རྫོང་ལ་ཡུལ་ཚོ8དང་གྲོང་རྡལ1ཡོད་ཅིང་གྲོང་ཚོ62དང་ཐོན་སྐྱེད་མཉམ་ལས་ཁང252ཡོད། དེ་དག་ནི་སྐྱེ་རྒུ་གྲོང་རྡལ་དང་དཔལ་ཐང་ཡུལ་ཚོ། རབ་སྟོད་ཡུལ་ཚོ། རབ་སྨད་ཡུལ་ཚོ། འབྲོང་མདའ་ཡུལ་ཚོ། ཟུར་མང་ཆུང་བ་ཡུལ་ཚོ། རྗེས་བཟང་ཡུལ་ཚོ། ཧ་ཤུལ་ཡུལ་ཚོ། ཨ་ཁྲོ་ཡུལ་ཚོ་བཅས་རེད། སྤྱི་ལོ2002ལོར་རྗེས་རོང་ཡུལ་ཚོ་རོང་པོ་གྲོང་རྡལ་ལ་བསྒྱུར། སྤྱི་ལོ2009ལོར་རབ་སྨད་ཡུལ་ཚོ་རབ་སྨད་གྲོང་རྡལ་ལ་བསྒྱུར་པ་དང་། སྐབས་དེར་ཡུལ་ཤུལ་རྫོང་གི་མངའ་ཁོངས་སུ་གྲོང་རྡལ་༣དང་ཡུལ་ཚོ6ཡོད་ཅིང་། དེ་དག་ནི་སྐྱེ་རྒུ་གྲོང་རྡལ་དང་རོང་པོ་གྲོང་རྡལ། རབ་སྨད་གྲོང་རྡལ། དཔལ་ཐང་ཡུལ་ཚོ། རབ་སྟོད་ཡུལ་ཚོ། འབྲོང་མདའ་ཡུལ་ཚོ། ཨ་ཁྲོ་ཡུལཟུར་མང་ཆུང་བ་ཡུལ་ཚོ་བཅས་རེད།
- བློ་བཟང་ལྷུན་གྲུབ་རྡོ་རྗེས་གཙོ་སྒྲིག་བྱས་པའི 《མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས》 (ཡུལ་ཤུལ་གླེགས་བམ)ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ2020ལོའི་ཟླ7པའི་པར་ཐེངས་དང་པོ་བཏབ། ཤོག་ངོས44ན་གསལ།