ཀུན་གསལ་ལས་འཛིན།

༉ ཡིག་སྦྱོར་གྱི་ཐོག་ལུ་ མ་རིག་མུན་པ་གསལ་བའི་ཁར་ འཛམ་བུ་གླིང་གཅིག་གི་མི་ཚུའི་བར་ན་ གོ་བ་སྤེལ་ནི་དང་བརྡ་དོན་སྤྲོད་ལེན་འབད་ཚུགས་པའི་ནུས་པ་ཡོད་མི་ ཀུན་གསལ་འདི་དཔལ་ལྡན་འབྲུག་པའི་མི་སེར་མང་ཤོས་ར་ རང་སོའི་མཐའ་འཁོར་གྱི་སྐོར་ལས་གསལ་ཏོག་ཏོག་བཟོ་མི་ འབྲུག་ལུ་གསར་ཤོག་རྙིང་ཤོས་ཅིག་དང་ འབྲུག་རྒྱལ་ཡོངས་ཀྱི་གསར་ཤོག་ཨིན་པའི་ཁར་ རྒྱལ་ཁབ་ནང་ར་གསར་ཤོག་གཅིག་ར་ཨིན། (Lily Wangchuk, 2017, p72). འབྲུག་ལུ་སྤྱི་ལོ་ ༢༠༠༦ ཚུན་ གསར་ཤོག་ཡོད་རུང་མེད་རུང་ ཀུན་གསལ་གཅིག་ལས་ལྷག་གཞན་མ་སྡོད་པས། འབྲུག་གཞུང་གི་བརྒྱ་ཆ་ ༥༡ རང་དབང་ཡོདཔ་དང་ གཞན་ལྷག་ལུས་བརྒྱ་ཆ་ ༤༩ དེ་ མི་མང་གི་དབང་དོ་ཡོདཔ་ཨིན། འབྲུག་རྒྱལ་ཁབ་ནང་གཞི་བཙུགས་ཡོད་པའི་ གསར་ཤོག་ལེ་ཤ་ཅིག་གི་སླ་ལས་ ཀུན་གསལ་འདི་ རྫོང་ཁ་དང་ཨིང་སྐད་གཉིས་ཆ་རའི་ནང་ རེས་གཟའ་མིག་དམར་ལས་ཉི་མ་ཚུན་ཚོད་ འབྲི་སྲོལ་ཡོད་པའི་གཞུང་གི་དབང་བའི་ལས་འཛིན་ཅིག་ཨིན། བདུན་ཕྲག་གཅིག་ནང་ དཔྱ་སྙོམས་ལུ་ ལྷག་མི་བསྡོམས་ ༡,༣༠,༠༠༠ དེ་ཅིག་གི་དོན་ལུ་ ཀུན་གསལ་འདྲ་ ༡༥༠༠༠ དེ་ཅིག་ པར་སྐྲུན་འབད་དེ་ ཀྲམ་སྤེལ་འབད་མི་ཚུ་ འབྲུག་རྒྱལ་ཁབ་ནང་འཁོད་ རྫོང་ཁག་ཉི་ཤུ་གེ་རའི་ཡིག་ཚང་དང་སློབ་གྲྭ་ཚུ་ནང་ དེ་མ་ཡིན་པའི་ཚོང་སྒྱུར་ངོ་ཚབ་ཚུ་ལས་འཐོབ་ཚུགས།
རྒྱལ་ཁབ་ཡར་རྒྱས་ཀྱི་འགྱུར་བ་དང་བསྟུན་ འཕྲུལ་ཆས་མ་འདྲཝ་དང་ མི་རིག་པ་ཅན་ལེ་ཤ་འཐོན་མི་དང་འབྲེལ་ ཀུན་གསལ་འདི་ཡང་ སྤྱི་ལོ་ ༡༩༦༧ ལུ་ རྒྱལ་ཁབ་ནང་འཁོད་ཀྱི་ རྒྱལ་ཡོངས་ཀྱི་གནས་ཚུལ་སྙན་ཞུ་འབད་མིའི་གསར་ཤོག་ཅིག་སྦེ་འགོ་བཙུགས་ནུག།
(Karma Phuntsho, 2013, p594) དེ་ལས་སྤྱི་ལོ་ ༡༩༧༤ ནང་ པར་འཕྲུལ་གྱི་འཕྲུལ་ཆས་གཅིག་ཡང་ རྒྱ་གར་རྒྱལ་ཁབ་ལས་ ནང་འདྲེན་འབད་དེ་ ཐིམ་ཕུག་ལུ་བཙུགས་ནུག། ཡུན་མ་རིངམ་ཅིག་གི་རྒྱབ་ལས་ ཇ་པཱན་གཞུང་གི་འཕྲུལ་རིགཔ་ཚུ་གིས་ རྫོང་ཁ་ཡིག་སྒྲོམ་བཟོ་བའི་ཤུལ་ལུ་ གནས་ཚུལ་ཚུ་རྫོང་ཁ་ནང་ཡང་ སྙན་ཞུ་འབད་ནིའི་རིམ་ལུགས་འགོ་བཙུགས་ནུག། སྤྱི་ལོ་ ༡༩༨༦ ནང་ བརྒྱུད་འབྲེལ་ལྷན་ཁག་གི་འོག་ལུ་ཡོད་པའི་ བརྡ་དོན་ལས་ཁུངས་ཀྱི་ བསྒྱུར་བཅོས་འབད་དེ་གསར་ཤོག་དེ་ བདུན་ཕྲག་གཅིག་ནང་ཚར་གཅིག་ རྒྱལ་ཁབ་ཀྱི་གསར་ཤོག་གཅིག་སྦེ་ པར་སྐྲུན་འབད་ནི་འགོ་བཙུགས་ནུག། ས་གནས་ཡུ་ཨེས་ཨེ་ལུ་ཆགས་ཡོད་པའི་ ཀོ་ལོམ་བེ་ཡ་མཐོ་རིམ་སློབ་གྲྭ་ནང་ལས་ བརྒྱུད་འབྲེལ་གྱི་ཆོས་ཚན་ནང་ གཙུག་ལག་ཤེས་ཚད་ལྡན་མི་ ཀུན་ལེགས་རྡོ་རྗེ་གིས་ཀུན་གསལ་ལས་འཛིན་གྱི་ ཞུན་དག་པ་སྦེ་སྡོད་ཡོདཔ་མ་ཚད་ སྤྱི་ལོ་ ༡༩༨༦ ལས་ ༢༠༠༦ ཚུན་ ཞུན་དག་པ་གཙོ་འཛིན་དང་འཛིན་སྐྱོང་མདོ་ཆེན་གྱི་ འགན་ཁུར་འབག་སྟེ་བཞུགས་ནུག།
སྤྱི་ལོ་ ༡༩༨༨ ནང་ ཀུན་གསལ་གྱིས་ རྫོང་ཁ་ ཨིང་སྐད་དང་ལྷོ་མཚམས་ཁ་སྐད་ནང་སྦེ་ བདུན་ཕྲག་གཅིག་ནང་འདྲ་ ༡༢,༥༠༠་ དེ་ཅིག་བཀྲམ་སྤེལ་འབད་ནུག། སྤྱི་ལོ་ ༡༩༩༢ ནང་ འབྲུག་ལུ་བརྡ་བརྒྱུད་དེ་ཁྱད་རིག་ཅན་གྱི་སྒོལས་ གོང་འཕེལ་གཏང་ནིའི་དོན་ལུ་ ཀུན་གསལ་དེ་གཞུང་གི་དབང་བའི་ལས་སྡེ་ལས་ རང་སྐྱོང་ལས་འཛིན་ཅིག་སྦེ་བཟོ་གནང་ནུག། སྤྱི་ལོ་ ༡༩༨༨ ལས་འགོ་བཟུང་ གཞུང་ལས་ལྷན་ཐབས་མ་དངུལ་ གནང་ནི་དེ་ཡང་མཚམས་འཇོག་འབད་ནུག། ད་རེས་ནངས་པའི་དུས་ལུ་ གསར་ཤོག་དེ་ལུ་ལྷན་ཐབས་མ་དངུལ་འདི་ ཚོང་སྒྱུར་གྱི་དོན་ལས་པར་སྐྲུན་འབད་མི་དང་ ཁྱབ་བསྒྲགས་ལ་སོགས་པ་ཚུ་ལས་བཟོཝ་ཨིན།
སྤྱི་ལོ་༡༩༩༦ ནང་རྫོང་ཁ་ཀུན་གསལ་གསར་ཤོག་ནང་ ཤོག་གྲངས་ ༡༢ ཡོད་ས་ལས་ ཤོག་གྲངས་ ༡༦ དང་ཨིང་སྐད་གསར་ཤོག་ ཤོག་གྲངས་ ༡༢ ལས་ ༢༠ ལུ་ཡར་སེང་འབད་ནུག། སྤྱི་ལོ་ ༢༠༠༥ ལུ་ ཀུན་གསལ་གྱི་ བདུན་ཕྲག་གཅིག་ནང་ ཤོག་གྲངས་ ༡༢ སྦེ་ རེས་གཟའ་ཕུརཔ་དང་ཉིམ་གཉིས་ ཚར་གཉིས་པར་སྐྲུན་འབད་ནི་འགོ་བཙུགས་ནུག། སྤྱི་ལོ་ ༢༠༠༦ ལུ་ རེས་གཟའ་ཕུརཔ་ལུ་པར་སྐྲུན་འབད་མི་གསར་ཤོག་དེ་ ཤོགས་གྲངས་ ༡༤ ལུ་ཡར་སེང་འབད་ཡོདཔ་མ་ཚད་ རེས་གཟའ་ཉི་མའི་གསར་ཤོག་དེ་ ཤོག་གྲངས་་༡༨ ལུ་ཡར་སེང་འབད་ནུག། སྤྱི་ལོ་ ༡༩༩༩ ནང་ ཡོངས་འབྲེལ་འགོ་དང་པ་ལྷོདཔ་ད་འབྲེལ་ ཀུན་གསལ་གསར་ཤོག་དེ་ཡང་ ཡོངས་འབྲེལ་ཐོག་རྩོམ་སྒྲིག་འབད་དེ་ ཀུན་གསལ་ཨོན་ལཱན་ཟེར་མིང་བཏགས་པའི་ཤུལ་ བཀྲམ་སྤེལ་འབད་ནི་འགོ་བཙུགས་པའི་ཤུལ་ལུ་ འབྲུག་ལུ་མིང་གཏམ་འཐོན་ནི་འགོ་བཙུགས་ཡོདཔ་མ་ཚད་ ཡོངས་འབྲེལ་ཐོག་གྲོས་གནས་ཚུ་ནང་ཡང་ མིང་གཏམ་འཐོན་ནི་འགོ་བཙུགས་ནུག།
སྤྱི་ལོ་ ༢༠༠༡ སྤྱི་ཟླ་ ༤ པའི་ སྤྱི་ཚེས་ ༡༨ ལུ་ ཀུན་གསལ་ཨོན་ལཱན་དེ་ འབྲུག་ལུ་ཡོངས་འབྲེལ་ཐོག་ པར་སྐྲུན་འབད་བའི་གསར་ཤོག་འགོ་ཐོག་ཨིན། ཡོངས་འབྲེལ་འཆར་སྒོ་དང་ པར་སྐྲུན་རིམ་ལུགས་འགོ་ཐོག་གསར་བཟོ་འབད་མི་ ནིལ་ཧར་དྲི་གཱན་ ཐཡེ་ལེནྡ་གཞུང་གི་ ཨིང་སྐད་གསར་ཤོག་ད་ནེ་ཤཱན་ཟེར་མི་གི་ ཡོངས་འབྲེལ་འཛིན་སྐྱོང་པ་སྦེ་སྡོད་མི་ གཅིག་གིས་བཟོ་ནུག། ཁོ་ སྤྱི་ལོ་ ༢༠༠༡ ལུ་འབྲུག་ལུ་འོངས་ཏེ་ ཀུན་གསལ་གྱི་ཡོངས་འབྲེལ་འཛིན་སྐྱོང་པ་གསརཔ་ བཙན་སྐྱོགས་ཚེ་རིང་དང་ ནང་དོན་འཛིན་སྐྱོང་འབད་ནིའི་ལམ་ལུགས་བཟོ་ནི་དང་ འབྲེལ་མཐུན་བཟོ་ནིའི་དོན་ལུ་ ལཱ་གཅིག་ཁར་འབད་ནུག། ནང་དོན་འཛིན་སྐྱོང་ལམ་ལུགས་དེ་གིས་ གནས་ཚུལ་སྙན་ཞུ་འབད་མི་ཚུ་ལུ་ ཡོངས་འབྲེལ་ཐོག་གནས་ཚུལ་བྱིན་ནི་དང་པར་སྐྲུན་འབད་ནི་ལུ་ ཕན་ཐོག་སྦོམ་བྱུང་ཡོདཔ་ཨིན། སྤྱི་ལོ་ ༢༠༠༦ ལུ་ ཡོངས་འབྲེལ་ཐོག་ཀུན་གསལ་ཐོབ་ཚུགསཔ་བཟོ་བའི་ཤུལ་ལུ་ ཉིན་བསྟར་བཞིན་ མི་ངོ་ ༣༠༠༠ དེ་ཅིག་གིས་བལྟ་དོ་ཡོདཔ་མ་ཚད་ ཐོ་བཀོད་འབད་ཡོད་པའི་འཐུས་མི་ ༡༥༠༠༠ ལྷགཔ་ཅིག་སྡོད་ནུག།
ཀུན་གསལ་ལས་འཛིན་གྱི་ ཡོངས་འབྲེལ་འཆར་སྒོའི་ནང་འབད་བ་ཅིན་ གསར་ཤོག་དེ་ཡང་ ཐིམ་ཕུག་དང་བཀྲིས་སྒང་བཀང་ལུང་ལུ་སྦེ་ དཔེ་སྐྲུན་འབད་དོ་ཡོདཔ་ལས་ རྫོང་ཁག་ཉི་ཤུ་ཆ་མཉམ་ནང་ དཔེ་སྐྲུན་འབད་བའི་ཉིནམ་དེ་ནང་ར་ འཐོབ་ཚུགསཔ་འགྱོ་སྟེ་ཡོདཔ་ཨིན། ཀུན་གསལ་ལས་འཛིན་ནང་ ཞུན་དག་པ་གཙོ་བོ་གི་འགོ་འཛིན་ཐོག་ རྫོང་ཁའི་ཁ་སྐད་ཀྱི་དོན་ལུ་ཞུན་དག་འབད་མི་གཅིག་དང་ གནས་ཚུལ་ཞུན་དག་པ འཛིན་སྐྱོང་ཞུན་དག་པ་ གནས་ཚུལ་བསྡུ་ལེན་པ་གཙོ་འཛིན་དང་ གནས་ཚུལ་སྙན་ཞུ་འབད་མིའི་ཡིག་ཚང་ བཀྲིས་སྒང་ ཕུན་ཚོགས་གླིང་ གཞལ་སྒང་དང་ བུམ་ཐང་ དེ་ལས་ཐིམ་ཕུག་ལུ་ཡོད་པའི་གནས་ཚུལ་སྙན་ཞུ་འབད་མི་ཚུ་ཨིན། སྤྱི་ལོ་ ༢༠༠༦ ནང་ཀུན་གསལ་ལས་འཛིན་གྱི་ བགོ་བཤའ་ ༢༤༥༠༠༠ དེ་ཅིག་ དངུལ་ཀྲམ་ ༡༠༠ དེ་ཅིག་སྦེ་ བཙོང་ལོག་རྐྱབ་ནིའི་གོ་སྐབས་ཐོབ་ནུག། དེ་གིས་སྦེ་བརྒྱ་ཆ་ ༤༩ དེ་ མི་སེར་ལུ་བཙོང་ཡོདཔ་བཞིན་ ལྷག་ལུས་བརྒྱ་ཆ་ ༥༡ དེ་གཞུང་གི་དབང་འཛིན་ཐོག་བཞག་ནུག། སྤྱི་ལོ་ ༢༠༠༧ སྤྱི་ཟླ་ལྔ་པའི་ནང་ ཀུན་གསལ་ལས་འཛིན་གྱི་ བགོ་བཤའ་འཆང་མི་ཚུ་དང་ འགོ་ཐོག་ལོ་བསྟར་ སྤྱིར་བཏང་ཞལ་འཛོམས་འཚོགས་ནུག། བགོ་བཤའ་འཆང་མི་ལས་ འཐུས་མི་གཉིས་དེ་ འཐུས་མི་ལྔ་འབད་མི་ བཀོད་ཚོགས་མདོ་ཆེན་བཙག་འཐུ་འབད་དོ་ཡོདཔ་ད་ གཞན་འཐུས་མི་གསུམ་འདི་གཞུང་གིས་ བཙག་འཐུ་འབདཝ་ཨིན།
ཀུན་གསལ་གསར་ཤོག་ཐོག་ གནས་ཚུལ་དབྱེ་བ་མ་འདྲཝ་སྦེ་བསྡུ་ལེན་འབདཝ་མ་ཚད་ མི་ཚུ་ལུ་རང་རྐྱང་གི་བསམ་འཆར་ཚུ་བྲི་ནིའི་གོ་སྐབས་ཡང་བྱིན་དོ་ཡོད་མི་དེ་གིས་ འབྲུག་ནང་འཁོད་དང་ འཛམ་གླིང་ནང་ག་ཅི་ར་འབད་དོ་ག་ གནས་ཚུལ་གསལ་བཤད་དེ་ འབྲུག་པའི་མི་སེར་མང་རབས་ཅིག་ རང་གི་མཐའ་འཁོར་ལུ་ག་ཅི་ར་འབདཝ་ཨིན་ན་ ཤེས་ཚུགསཔ་བཟོཝ་མ་ཚད་ རང་རྐྱང་གི་བསམ་འཆར་བྲི་བཅུག་མི་ལུ་བལྟ་བ་ཅིན་ འབྲུག་རྒྱལ་ཁབ་འདི་ཉེ་རིང་མེད་པའི་རྒྱལ་ཁབ་ཅིག་ཨིན་པའི་རྟགས་སྟོན་མས། དེ་མ་ཚད་ཚོང་བསྒྲགས་དང་ཁྱབ་བསྒྲགས་སོགས་བྱིན་ཏེ་ ཕན་ཚུན་གཉིས་ཆ་ར་ལུ་ཕན་ཐོགས་ཏེ་ཡོདཔ་ཨིན།
ཀུན་གསལ་གསར་ཤོག་ལས་བརྟེན་མི་སྟོང་ཕྲག་ལས་ལྷག་སྟེ་ ཕན་པ་སྦོམ་སྦེ་ར་བྱུང་ཡོདཔ་མ་ཚད་ ད་རེས་ཀྱི་དུས་ལུ་ ན་གཞོན་ཚུ་ལུ་ཤེས་ཡོན་དང་ ཆ་བཞག་ཚུགས་པའི་ཁར་ བློ་གཏད་ཅན་གྱི་བརྡ་རྒྱུད་ཅིག་ཨིན། གསར་ཤོག་དེ་གི་གནས་ཚུལ་བསྡུ་ལེན་འབད་བའི་སྐབས་ མཉམ་ཆུང་དང་ཕྱུགཔོ་གི་བར་ན་ ཉེ་རིང་མེད་པར་ག་ཅི་དེ་ ལེགས་ཤོམ་དང་གསལ་ཏོག་ཏོ་ ལྷག་པར་དུ་དྲང་བདེན་གྱི་སྒོ་ལས་ བསྡུ་སྒྲིག་འབད་དེ་གོ་བ་སྤེལཝ་ཨིན། རྒྱལ་ཁབ་ཡར་རྒྱས་མ་འགྱོ་བའི་སྔ་གོང་ལུ་ རྒྱང་བསྒྲགས་འཕྲུལ་ཁང་དང་ གསར་ཤོག་ཚུ་གིས་ རང་སོའི་མཐའ་འཁོར་ལུ་ག་ཅི་ར་འབདཝ་ཨིན་ན་ རྒྱལ་ཁབ་ཀྱི་གནས་ཚད་ག་དེམ་ཅིག་ལུ་ལྷོད་དེ་ཡོདཔ་ཨིན་ན་ འབད་བཏུབ་དང་མ་བཏུབ་ག་ར་བཤད་དེ་ ག་ཅི་དེ་ལེགས་ཤོམ་སོང་སྟེ་ཡོདཔ་ཨིན།

ཁུངས་གཏུག།

[ཞུན་དག]
  1. Phuntsho, K. (2013). History of Bhutan. Random House Publishers India Private Limited.
  2. Wangchuk, L. (2017). Facts about Bhutan the Land of Thunder Dragon, KMT Publishers.
  3. Retrieved from: http://kuenselonline.com/category/news/
  4. Retrieved from: https://en.m.wikipedia.org/wiki/kuensel